Degé Kangyur volume 71, F.91.b

ལྡན་པ་དང་། སེམས་དྲང་པོའི་རང་བཞིན་དུ་གྱུར་པ་དང་། དམ་པའི་ཆོས་ལ་གུས་པ་དང་ལྡན་པས་ཆོས་སྒྲོགས་པ་རྣམས་ལས་ཆོས་ཉན་པར་འདོད་པ་ནི་ཡོན་ཏན་སུམ་ཅུ་ཐམ་པ་དང་ཡང་དག་པར་ལྡན་ནོ། །​སུམ་ཅུ་ཐམ་པ་པོ་གང་དག་རྣམས་དང་ལྡན་ཞེ་ན། ཆོས་སྒྲོགས་པ་པོ་ཆོས་སྨྲ་བ་པོ་གཅིག་ཏུ་ཆོས་ཀྱི་སྦྱིན་བདག་ཏུ་གྱུར་པ་མ་དང་ཕ་དང་མཚུངས་པ་འཁོར་བའི་རྒྱུ་མ་ཡིན་པའི་དྲུང་ནས་ནི། འདི་ལྟ་སྟེ། མ་ཐོས་པའི་ཆོས་རྣམས་ཐོས་པར་འགྱུར་བ་དང་། ཐོས་པ་རྣམས་སོ་སོར་རིག་པར་བྱེད་པ་དང་། སོ་སོར་རིག་པར་བྱས་པས་ཀྱང་རྣམ་པར་དཔྱོད་པར་བྱེད་པ་དང་། རྣམ་པར་དཔྱད་ནས་ཀྱང་རབ་ཏུ་སྒྲུབ་པར་བྱེད་པ་དང་། རབ་ཏུ་ཞུགས་པར་གྱུར་ནས་བདག་ཉིད་རབ་ཏུ་གནས་པར་བྱེད་དོ། །​རབ་ཏུ་གནས་པར་གྱུར་ནས་གཞན་དག་རྣམས་ཀྱང་རབ་ཏུ་འགོད་པར་བྱེད་དོ། །​དེ་དང་ལྷན་ཅིག་ཏུ་ཆོས་ཉན་པར་གྱུར་པ་ལས་རྣམ་པར་དཔྱོད་པར་བྱེད་དོ། །​རྒུད་པར་གྱུར་པས་ཀྱང་ཀུན་ནས་རབ་ཏུ་གཡོ་བར་མི་འགྱུར་རོ། །​དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ལ་སྐྱེད་པར་བྱེད་པ་དང་གོང་དུ་རྣམ་པར་སྨིན་པར་བྱེད་དོ། །​ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱེད་དོ། །​ལོག་པར་ལྟ་བ་ཅན་རྣམས་ཡང་དག་པའི་ལྟ་བ་ཅན་དུ་བྱེད་དོ། །​སྐྱེས་པར་གྱུར་པའི་མི་དགེ་བའི་རྣམ་པར་རྟོག་པ་རྣམས་སོ་སོར་འཇོམས་པར་བྱེད་དོ། །​དགེ་བའི་སེམས་ཀུན་ཏུ་སྐྱེས་པ་རྣམས་ལེགས་པར་འཕེལ་བར་བྱེད་དོ། །​རྐྱེན་ཀྱིས་བྱུང་བའི་མི་དགེ་བ་རྣམས་ཡོངས་སུ་སྤོང་བར་བྱེད་དོ། །​བག་དང་ལྡན་པར་འགྱུར་རོ། །​སྐྱེས་བུ་དམ་པ་རྣམས་ལ་རྗེས་སུ་སྟེན་པར་བྱེད་དོ། །​གཡོ་དང་སེར་སྣ་རྣམས་དང་བྲལ་བར་བྱེད་དོ། །​མ་དང་ཕ་ལ་གུས་པ་དང་ལྡན་པར་འགྱུར་རོ། །​ལས་དང་འབྲས་བུ་རྣམས་ཀུན་ཏུ་ཤེས་སོ། །​འདིས་ནི་ཚེ་རིང་བ་འཕེལ་བར་བྱེད་པའི་ལས་རྣམས་ཡང་མངོན་པར་འཕེལ་བར་བྱེད་དོ། །​འཇིག་རྟེན་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར་རོ། །​ལྷ་རྣམས་ཀྱིས་ཀྱང་འདི་དག་མངོན་པར་སྲུང་བར་བྱེད་དོ། །​འདིས་ཀུན་ཏུ་བསམས་པ་རྣམས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །​ཆོས་དང་ལྡན་པའི་ལོངས་སྤྱོད་དག་ཐོབ་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101917#UT22084-068-021-101917