Degé Kangyur volume 70, F.61.b

གསེར་གྱི་ཕྲེང་བ་དང་། བཻ་ཌཱུརྱའི་ཆུ་དང་། བདེ་བར་འབབ་པ་དང་བཞིའོ། །​དེ་ནས་ལྷ་དེ་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་པས་ཐམས་ཅད་ཀྱང་རབ་ཏུ་དགའ་བའི་ཡིད་ཅན་མཆོག་ཏུ་རྒྱ་ཆེ་བའི་རྒྱན་དང་ཆ་བྱད་ཕྲེང་བར་འཛིན་པ་རྣམས་རྩེ་བར་གྱུར་པས་གང་ན་མཛེས་པར་འབབ་པའི་ཆུ་ཀླུང་ཡོད་པ་དེར་ཉེ་བར་ལེགས་པར་འགྲོ་བར་བྱེད་དོ། །​ཆུ་ཀླུང་དེའི་ངོས་ན་ཡང་དཀར་ལ་རིང་བའི་མེ་ཏོག་གི་ནགས་ཆེན་པོ་ན་དགའ་བ་དུ་མ་ཞེས་བྱ་བའི་མཚོ་དེ་ན་མེ་ཏོག་གི་འཁྲི་ཤིང་ཐེན་པ་མཆོག་གིས་རབ་ཏུ་གཡེངས་པ། མེ་ཏོག་གི་བྱེ་བྲག་སྟོང་ཕྲག་རྣམས་ཀྱིས་རྣམ་པར་དགའ་བ། ཚད་དང་དབྱིབས་དུ་མ་དང་ལྡན་པའི་བྱ་རྣམ་པ་དུ་མས་རྣམ་པ་སྣ་ཚོགས་པའི་རྒྱན་དང་ཆ་བྱད་ཅན་གྱི་བྱས་སྒྲའི་རྣམ་པ་རྒྱ་ཆེ་བས་ལེགས་པར་གནེམས་པས་མཆོག་ཏུ་དགའ་བར་གྱུར་པའོ། །​ཆུ་ཀླུང་མཛེས་པར་འབབ་པ་དེའི་ངོས་གཉིས་པ་ན་ཡང་བུང་བ་རྐང་དྲུག་རྗེས་སུ་རྒྱུ་བ་ཞེས་བྱ་བའི་པད་མའི་རྫིང་བུ་ནང་པར་གྱི་ཉི་མ་དང་མཉམ་པའི་འོད་མཆོག་ཏུ་དྲི་ཞིམ་པའི་པད་མས་རྟག་ཏུ་ལེགས་པར་གང་བའི་པད་མའི་རྫིང་བུའི་ནགས་དེ་ནི་རྣམ་པ་དུ་མར་དགའ་བ་རིང་དུ་ནི་དཔག་ཚད་ལྔ་བརྒྱའི་རྒྱར་གྱུར་པའི་ངོ་བོ་ནི་དཔག་ཚད་ལྔའོ། །​ཉེ་འཁོར་ན་ཡང་མཆོག་ཏུ་དྲི་མ་མེད་པའི་ཆུ་ནི་ཆུ་སྐྱེས་དང་། མེ་ཏོག་གཞན་གྱིས་ཀྱང་ཡང་དག་པར་གང་བ་ཁ་དོག་རྣམ་པ་སྣ་ཚོགས་པའི་འདབ་མ་རྣམས་དྲི་གང་དག་ཉེ་འཁོར་དཔག་ཚད་ལྔར་འགྲོ་བས་མཆོག་ཏུ་དྲི་ཞིམ་པའོ། །​དེ་ནས་དེ་ཇི་ལྟར་འདོད་པས་ཁ་ཅིག་ནི་ནགས་རྣམས་སུ། ཁ་ཅིག་ནི་པད་མའི་རྫིང་བུར་ཇི་ལྟར་འདོད་པ་རྒྱུ་བས་རབ་ཏུ་དགའ་བ་ལྷ་དང་ལྷ་མོའི་ཚོགས་ཀྱིས་གང་བ་རང་གི་གཟི་བརྗིད་དང་ལྡན་པ་ལས་ཀྱིས་བྱས་ཤིང་བསགས་པས་དེར་སྐྱེའོ། །​དེ་དག་རྣམས་དྲི་མཆོག་ཏུ་མཛེས་པའི་དྲིའི་མེ་ཏོག་གིས་མཛེས་པར་འབབ་པ་དེ་མཐོང་ན་ཆེས་ཡིད་སྤྲོ་བའི་ངོས་ལ་རྒྱ་ཆེན་པོའི་ཁོར་ཡུག་ན་རྒྱུ་བའི་ལྷ་རྣམས་དགའ་བར་བྱེད་ལ་ཡོངས་སུ་སྤྱོད་པར་ཡང་བྱེད་དོ། །​རྣམ་པ་དུ་མ་དེ་དག་གཅིག་ཏུ་ཆུ་ཀླུང་འོད་འབྱིན་གྱི་རིའི་རྩེ་མོ་ལ་རབ་ཏུ་འབབ་བོ། །​གཞན་ཡང་འོད་འབྱུང་གི་རི་ཡོད་པ་ལ་ཆུ་ཀླུང་གཞན་ལེགས་པར་འབབ་སྟེ། གསེར་གྱི་ཕྲེང་བ་ཞེས་བྱ་བའི་ཆུ་ཀླུང་འོད་འབྱུང་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101234#UT22084-068-021-101234