Degé Kangyur volume 68, F.116.a

།དེ་རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་ཇི་ལྟ་བ་བཞིན་རྗེས་སུ་མཐོང་ཞིང་རྣམ་པར་ཤེས་ནས། རྣ་བ་དང་འབྲེལ་བའི་ཚོར་བ་དག་ལ་ཀུན་ཏུ་ཆགས་པ་མེད་ལ་དེ་ཚོར་བ་མྱོང་བ་ན་འདོད་ཆགས་དང་བྲལ་ཏེ། རྣམ་པར་གྲོལ་བར་འགྱུར་རོ། །​རྣ་བའི་རེག་པ་ལས་བྱུང་བའི་ཚོར་བ་དེ་འགགས་ན་སྣའི་དམིགས་པའི་ཚོར་བ་སྐྱེ་སྟེ། དེ་སྣས་ཀུན་ནས་བསླང་བ་སྣས་ཀུན་ནས་སོ་སོར་མྱོང་བར་བྱེད་དེ། བདག་སྣའི་རེག་པ་ལས་བྱུང་བའི་ཚོར་བ་སྐྱེས་པ་བདེ་བ་ལ་དམིགས་པ་ནི་བདེ་བའོ། །​སྡུག་བསྔལ་ལ་དམིགས་པ་ནི་སྡུག་བསྔལ་ལོ། །​སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་དམིགས་པ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་ནོ་སྙམ་མོ། །​དེ་སྣའི་དམིགས་པའི་ཚོར་བ་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་མྱོང་བར་བྱེད་དེ། ནུབ་པ་ཡང་སོ་སོར་མྱོང་བར་བྱེད་དོ། །​དེ་འགགས་ན་སྣའི་དམིགས་པའི་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྐྱེ་སྟེ། དེ་སོ་སོར་མྱོང་བར་བྱེད་དོ། །​བདག་གི་སྣའི་དམིགས་པའི་ཚོར་བ་སྐྱེ་སྟེ། ཇི་ལྟར་ལྷག་པར་ཆགས་པ་སྐྱེས་པ་དེ་ལྟར་བདག་གི་འགོག་པ་འདི་དག་ཀྱང་སྐྱེ་སྟེ། དེ་འགགས་ནས་ལྕེའི་དམིགས་པའི་ཚོར་བ་རྣམ་པ་གསུམ་སྐྱེ་བ་ནས་ཡིད་ཀྱི་དམིགས་པའི་ཚོར་བ་རྣམ་པ་གསུམ་སྔ་མ་བཞིན་ནོ། །​དེ་ས་གཞན་བཞི་པ་ལ་ཚོར་བ་ཡང་དག་པར་རྒྱ་ཆེ་བ་ལ་འཇུག་སྟེ། དེའི་བརྩོན་འགྲུས་བརྩམས་པ་སྤྲོ་བ་ཆེན་པོ་བདུད་ཀྱི་འཆིང་བ་གཅོད་པར་འདོད་པ་ལ་ས་བླའི་གནོད་སྦྱིན་ཤིན་ཏུ་དགའ་ནས། བར་སྣང་གི་གནོད་སྦྱིན་རྣམས་ལ་མངོན་པར་བསྙད་དོ། །​དེ་དག་གིས་ཀྱང་རྒྱལ་པོ་ཆེན་པོ་བཞི་ལ་མངོན་པར་བསྙད་དོ། །​དེ་དག་གིས་ཀྱང་རྒྱལ་ཆེན་བཞིའི་ལྷ་རྣམས་ལ་མངོན་པར་བསྙད་དོ། །​དེ་དག་གིས་ཀྱང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་མངོན་པར་བསྙད་དོ། །​བརྒྱ་བྱིན་གྱིས་ཀྱང་འཐབ་བྲལ་གྱི་ལྷ་རྣམས་ལ་མངོན་པར་བསྙད་དོ། །​གང་འཛམ་བུའི་གླིང་ན་རིགས་ཀྱི་བུ་ཡུལ་ཆེ་གེ་མོ་ཞིག་དང་། གྲོང་མང་གེ་མོ་ཞིག་དང་། རིགས་ག་གེ་མོ་ཞིག་ལས་རིགས་ཀྱི་བུ་ཆེ་གེ་མོ་ཞེས་བྱ་བ་སྐྲ་དང་ཁ་སྤུ་བྲེགས་ཏེ།

PreviousNext


The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100095#UT22084-068-021-100095