།དུད་འགྲོའི་སྐྱེ་གནས་འཐུན་པར་གནས། །བསོད་ནམས་མ་ཡིན་རྒྱུར་གྱུར་པ། །རང་གིས་བྱས་པས་སེམས་རྨོངས་སོ། །གང་ཞིག་བསོད་ནམས་དམན་པ་ནི། །གདུལ་དཀའ་རྟག་ཏུ་ངན་འགྲོར་འགྲོ། །བྱེ་མ་ལ་ནི་མར་མེད་ལྟར། །དེ་ལ་བདེ་བ་ག་ལ་ཡོད། །སེམས་ཀྱིས་བསླུས་པའི་རྨོངས་པ་རྣམས། །བསོད་ནམས་ཀྱིས་ནི་ཡོངས་སུ་སྤངས། །དེ་དག་ལ་ནི་བདེ་མེད་ཅིང་། །དེ་དག་སྡུག་བསྔལ་མཐའ་མེད་དོ། །ཡང་དང་ཡང་དུ་སྐྱེ་འགྱུར་ཞིང་། །ཡང་དང་ཡང་དུ་འཆི་འགྱུར་བ། །ལྷ་དག་བདེ་བས་མྱོས་པ་གང་། །དེ་དག་ལ་ནི་བདེ་རྟག་མེད། །ལས་ཀྱིས་རྒྱར་ནི་བཅུག་གྱུར་ཅིང་། །གཏི་མུག་གིས་ནི་བསླུས་པ་རྣམས། །འཁོར་བ་ཐོག་མ་མེད་པ་ནས། །འཁྲུལ་འཁོར་བཞིན་དུ་འཁྱམ་པར་བྱེད། །ལྷ་དག་ལྷ་ཡི་འཇིག་རྟེན་ནས། །འཆི་བར་འགྱུར་བའི་སྡུག་བསྔལ་གང་། །དེ་ནི་དམྱལ་ལས་དམྱལ་བ་རུ། །དེ་ཡི་དཔེ་བྱར་ཡོད་མེད་དོ། །བདེ་མཐའ་རྟག་ཏུ་ལྟུང་བར་གོ། །འདི་དག་ཅི་ཞིག་མི་ཤེས་སམ། །ལྷ་རྣམས་འཆི་མེད་ཡུལ་ལྟ་བུར། །བདེ་བས་རྨོངས་རྣམས་ལྟ་བར་བྱེད། །སྐྱེ་དང་འཆི་བའི་འཇིག་རྟེན་ནི། །གྲངས་སུ་བགྲང་དུ་ཡོད་མེད་ཀྱང་། །སྲེད་པས་ཡོངས་སུ་བསླུས་པ་ཡི། །མི་རྣམས་ཡིད་ནི་འབྱུང་མི་བྱེད། །དེ་ནས་ལྷ་དེ་རྣམས་ལྷའི་བྱ་དེའི་སྒྲ་དེ་ཐོས་ནས། ཆུང་ཟད་ཅིག་ཡིད་ལ་བྱེད་པ་དང་། ཡང་བག་མེད་པ་དེ་ཉིད་ཀྱི་དབང་དུ་གྱུར་ཏེ། སྲེད་པས་སྲིད་པར་སྤྱོད་པ་དེ་དག་ཐམས་ཅད་ནི་སེམས་ལ་རྟག་ཏུ་རག་ལས་པ་ཡིན་ནོ། །ཕྲེང་བའི་ཚལ་དེ་ན་བདེ་བ་ལས་བདེ་བར་གནས་པ་དེ་དག་སིལ་སྙན་ཡན་ལག་ལྔ་དང་ལྡན་པས་བྲོ་གར་བྱེད། དགོད་པར་བྱེད་དོ། །ཡུལ་བུད་ཤིང་ལྟ་བུར་གྱུར་པ་ལ། བག་མེད་པ་མེ་ལྟ་བུས་རྒྱུན་མི་འཆད་པར་སྲེག་པ་ན་ཡུལ་ནས་ཡུལ་དང་། ཉེ་བའི་ཚལ་ནས་ཉེ་བའི་ཚལ་དང་། རིའི་སྟེང་ནས་རིའི་སྟེང་དང་། གཞལ་མེད་ཁང་ནས་གཞལ་མེད་ཁང་དང་། པད་མའི་ཚལ་ནས་པད་མའི་ཚལ་དང་། རིན་པོ་ཆེའི་རིའི་རྩེ་མོ་ནས་རིན་པོ་ཆེའི་རིའི་རྩེ་མོར་རྒྱུ་སྟེ། དེ་ལྟར་ལྷ་མོ་དང་ལྷན་ཅིག་ཡུལ་གྱི་སྲེད་པས་བདས་པས་ན། ལྷ་དེ་རྣམས་ཇི་སྲིད་དུ་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷའི་འཇིག་རྟེན་དེ་ན་དགའ་བར་བྱེད་དོ།