མཐར་ནི་ལྟུང་བ་རྣམ་པར་སྤོངས། །གང་ཞིག་སྡུག་བསྔལ་འཆི་བ་ན། །བསོད་ནམས་ཟད་དེ་དམན་པ་ནི། །རང་གི་ཆུང་མ་རྣམས་ཀྱིས་སྤངས། །དེ་འདྲ་བ་ནི་དཔེ་མེད་དོ། །ལེགས་བྱས་ཟད་དེ་དམན་པ་ནི། །སྒྲོན་མ་འབར་བ་ཟད་པ་ལྟར། །ལྷ་ཁྱོད་གང་དུ་འགྲོ་འགྱུར་ཞེས། །སྡུག་བསྔལ་ཆེན་པོ་རབ་ཏུ་སྐྱེད། །སྲེད་པའི་དུག་གིས་རྣམ་བསྲེགས་ཤིང་། །མྱ་ངན་གྱིས་ནི་སེམས་ཉམས་ཏེ། ལུས་དང་ངག་གི་སྤྱོད་དམན་པ། །ལྷ་ནི་ལྟུང་བ་དག་གིས་འཇིགས། །འདོད་རྣམས་ཤིན་ཏུ་སླུ་བྱེད་དེ། །ཇི་ལྟ་ཇི་ལྟར་བདེ་མྱངས་པ། །དེ་ལྟ་དེ་ལྟར་ཡོངས་སུ་གཏོང་། །དེ་དག་སྡུག་བསྔལ་རབ་ཏུ་ཆེ། །ལྷ་ཡི་ཡུལ་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ཡི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སྲེད་པས་འཁོར་བ་ཀུན་བྱས་པ། །འབར་བའི་ཕྲེང་བ་རྣམས་ཀྱིས་དཀྲུགས། །སྲིད་པའི་སྒྲོག་གིས་བཅིངས་པ་ཡི། །སེམས་ཅན་རྣམས་ནི་ངན་འགྲོར་འགྲོ། །ལྷ་ཡི་འཇིག་རྟེན་འཆི་བའི་མཐའ། །དེ་བཞིན་ས་སྟེང་འཆི་བའི་མཐའ། །འཁོར་བ་ལས་ནི་མི་འབྱུང་བས། །སྡུག་བསྔལ་མཐོང་ནས་རྣམ་པར་སྤོངས། །སྐྱེ་བོ་བག་མེད་དགའ་བ་གང་། །དེ་ནི་ཐར་པ་མི་འཐོབ་སྟེ། །བག་མེད་དུག་གིས་རྨོངས་པ་ནི། །དེ་ལ་མྱ་ངན་འདས་པ་རིང་། །བག་མེད་དགྲ་ཡི་མཆོག་ཡིན་པས། །བག་མེད་རྣམས་ལ་ཆགས་མ་བྱེད། །ཤིན་ཏུ་བག་མེད་ལྷ་རྣམས་ནི། །ཡང་དང་ཡང་དུ་དམྱལ་བར་ལྟུང་། །གནས་གསུམ་འཁྲུལ་འཁོར་འཁོར་བ་ལྟར། །འཁྲུལ་འཁོར་ལས་ཀྱིས་འཁྱམ་པར་བྱེད། །དེ་བས་སྲེད་པའི་ཆགས་པ་སྤོངས། །འདོད་ཆགས་བྲལ་བ་ཞི་བའི་གནས། །དེ་ལྟར་དགེ་སློང་དེས་ལྷའི་འཇིག་རྟེན་གྱི་མཐའ་ལྟུང་བར་མཐོང་ནས་འདོད་པ་ལ་འདོད་ཆགས་དང་བྲལ་ལོ། །རླུང་ལ་སྤྱོད་པའི་ལྷ་དེ་རྣམས་ཀྱི་མི་རྟག་པ་དང་། བདེ་བ་དེ་དག་ལ་ལས་ཀྱི་རྒྱུས་བསྐྱེད་ཅིང་མི་རྟག་པ་ཉིད་དང་འབྲེལ་བ་ཡིན་པ་ལྟ་ཞེས་རྣམ་པར་དཔྱོད་པར་བྱེད་དོ། །ལྷ་དེ་རྣམས་ཀྱང་ཇི་སྲིད་དུ་དེའི་ལེགས་པར་བྱས་པའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་དེ་ན་དགའ་བར་བྱེད་དོ།