བཀྲེས་པ་དང་སྐོམ་པས་གདུངས་ཤིང་ཁ་གདོང་ཉམས་པ་དེ་རང་གི་ཁྲག་དང་། ཁ་ཆུ་འཛག་པ་དང་། རང་གི་ལྕེ་དེ་ཉིད་ལ་ཟའོ། །ལྕེ་གཏུབ་གཏུབ་པ་དེ་ལས་ཀྱི་དབང་གིས་ཡང་སྐྱེ་བར་འགྱུར་ཏེ། དེ་ནས་ཡང་སྡུག་བསྔལ་གྱིས་ཉམ་ཐག་པ་དག་ས་ལ་འཕྱེ་ཞིང་འགྲེ་ལྡོག་ལ་ཡོངས་སུ་ངུ་སྐད་འབྱིན་ཏོ། །དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ་དེའི་མིག་གི་འབྲས་བུ་ནི་འགྱུར། སྡུག་བསྔལ་གྱིས་ཉམ་ཐག་ཅིང་དམན་ལ་གྲོགས་མེད་པ་གཅིག་པུ་རང་གིས་བྱས་པ་ལ་ཉེ་བར་སྤྱོད་དོ། །འདི་ལྟར་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པ་ཚིགས་སུ་བཅད་དེ་སྨྲས་པ། ཚིག་རྩུབ་ཞེས་བྱ་གང་མཐོང་བ། །མདའ་ལྟར་རྣོ་བ་ཁྱོད་ཀྱི་ཚིག །གཞུ་ལྟ་བུ་ཡི་ལྕེ་ལས་འཕངས། །དེ་ཡི་འབྲས་བུ་འདིར་འོངས་སོ། །གང་ལ་ཚིག་རྩུབ་འབྱུང་བ་ནི། །དུག་ལྟ་བུ་ཡི་ལྕེ་ལས་འབྱུང་། །འཇིག་རྟེན་ལ་ནི་ཤ་ཟ་འདྲ། །དེ་དག་ཡོངས་སུ་སྤང་བར་གྱིས། །ཇི་ལྟར་ཡིད་འབྱུང་འགྱུར་བ་ནི། །ཉམ་ངར་ཚིག་རྩུབ་སྨྲ་བ་སྟེ། །མེ་མཚོན་དུག་ནི་འབྱུང་བ་ལ། །མི་དགེ་དེ་ལྟར་ཡིད་མི་འབྱུང་། །གཙུབ་ཤིང་ལྟ་བུའི་ལྕེ་ལས་བྱུང་། །ཤིང་ལྟ་བུ་ཡི་སྙིང་གིས་སྤེལ། །འཇིག་རྟེན་ཚིག་རྩུབ་མེ་ལྟར་འབར། །ཤིང་སྐམ་ལྟ་བུར་སྲེག་པར་བྱེད། །གང་དག་སྙན་པར་སྨྲ་ལ་དགའ། །འཇིག་རྟེན་ཀུན་གྱིས་ཕྱག་བྱེད་དོ། །འཇིག་རྟེན་ཀུན་ལ་མ་དང་འདྲ། །དེ་ནི་ཕ་དང་འདྲ་བར་དགའ། །དང་པོར་སྙན་པར་སྨྲ་བ་དགེ། །བདེ་འཇམ་བདེ་བ་འབྱུང་བ་ཡིན། །སྡིག་པ་མི་ཟད་སེལ་བ་དང་། །མི་སྡུག་ས་ཀུན་སྦྱོང་བ་ཡིན། །ཚིག་སྙན་མཐོ་རིས་སྐས་ཡིན་ཏེ། །ཚིག་སྙན་དགེ་བའི་གཏེར་ཡིན་ནོ། །ཚིག་སྙན་འཇིག་རྟེན་གཉེན་ཡིན་ཏེ། །ཚིག་སྙན་ལེགས་པ་མངོན་པར་འགྲུབ། །ཁྱོད་ཀྱིས་ཚིག་རྩུབ་དེ་སྨྲས་པས། །སེམས་ཅན་དམྱལ་བ་དྲག་པོར་འོངས། །ལྕེ་དེ་དག་ལ་འང་གནོད་པར་བྱེད། །དེ་རིང་ཅི་ཞིག་ཡོངས་སུ་སྨྲེ། །དེ་ལྟར་རྗེས་སུ་བསྟན་པ་ན་བརྫུན་དུ་སྨྲས་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་ལ་རྗེས་སུ་ཡི་རང་ཞིང་མ་བཤགས་པ་དང་། ལོ་འབུམ་ཕྲག་དུ་མར་ལྷན་ཅིག་གནས་སོ།