Degé Kangyur volume 67, F.103.a

ནམ་མཁའ་ལ་འཕྱེན་ཏོ། །​བདུད་བརྒྱ་སྟོང་དུ་མ་ཡང་དྲང་སྲོང་གི་ཆ་བྱད་ཀྱིས་ལྷུང་ལྷུང་ལྡེགས་ཀྱི་སྒྲ་འབྱིན་པ་ལ་འཇུག་གོ། །​དྲང་སྲོང་ལྷ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བཞིན་གྱིས་བརྟན་པའི་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དང་། དྲང་སྲོང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བཞིན་གྱིས་བརྟན་པའི་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དག་ལྷ་རྫས་ཀྱི་མེ་ཏོག་མན་དཱ་ར་བ་ཆེན་པོ་བླངས་ཏེ། བཅོམ་ལྡན་འདས་ཀྱི་དོན་གྱི་ཕྱིར་རྙོག་པ་སེལ་བ་ནས་སྤོས་ཀྱི་ངད་ལྡང་བའི་རིའི་བར་དུ་མཚམས་སྦྱོར་བའི་ཆར་རབ་ཏུ་འབྱིན་ཏོ། །​དེ་ནས་བཅོམ་ལྡན་འདས་བཞུད་པའི་ཞབས་ཀྱིས་མེ་ཏོག་གི་སྙིང་པོ་ཀུན་ཏུ་གནོན་པར་གྱུར་ཏོ། །​ལྷའི་བུ་ཉི་མ་དང་ཟླ་བ་བརྒྱ་སྟོང་དུ་མ་ཡང་དྲང་སྲོང་གི་ཆ་བྱད་ཀྱིས་མེ་ཏོག་གི་ཆུན་པོའི་ཆར་མངོན་པར་རབ་ཏུ་འབེབས་སོ། །​དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་དྲང་སྲོང་གི་ཆ་བྱད་ཀྱིས་རོལ་མོ་དཀྲོལ་བས་དྲང་སྲོང་ཐུབ་པའི་སྐུ་ལ་འོད་ཟེར་བྱེ་བ་བརྒྱ་སྟོང་འབྱུང་ངོ་། །​དེ་ནས་ལྷ་ཡོན་ཏན་ཅན་ཞེས་བྱ་བ་སྤོས་ཀྱི་ངད་ལྡང་བའི་རི་ལ་གནས་པ་ལྷ་བྲན་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཏུ་དྲང་སྲོང་གི་ཆ་བྱད་ཀྱིས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །​སེམས་ཅན་མི་སྲུན་གྲོལ་བྱེད་རྐང་གཉིས་མཆོག །​མཉེས་དཀའ་རྒྱལ་བ་གཟུངས་ངན་འདྲེན་མཛད་ཅིང་། །​སྡུག་བསྔལ་གཟིར་ལ་བདེ་བའི་མཆོག་སྦྱིན་པ། །​རྒྱལ་བ་རྐང་གཉིས་དམ་པ་འདིར་གཤེགས་གསོལ། །​སྲེད་པ་རབ་སྤངས་རྣམ་ཐར་གསུམ་སྟོན་ཅིང་། །​འགྲོ་ལ་དུས་གསུམ་ནང་ན་ཡེ་ཤེས་ཀྱིས། །​བསླབ་པ་གསུམ་སྟོན་དྲི་མ་གསུམ་སྤངས་པ། །​ཁམས་གསུམ་ལས་འདས་ཐུབ་པ་འདིར་གཤེགས་གསོལ། །​འགྲོ་ལ་ཕྱིན་ཅི་ལོག་བཞི་རྣམ་པར་གྲོལ། །​འཁོར་བཞི་དག་གིས་ཞབས་ལ་བསྙེན་བཀུར་ཞིང་། །​འགྲོ་ལ་འཕགས་པའི་བདེན་བཞི་རབ་སྟོན་པ། །​ཟླ་བ་བས་ཀྱང་ལྷག་པ་འདིར་གཤེགས་གསོལ། །​ཐུབ་པ་ཕུང་པོ་ལྔ་འདི་རབ་སྟོན་པ། །​འདོད་པ་ལྔ་ལས་སྐྱེ་བོ་རྣམ་གྲོལ་ཞིང་། །​འཕགས་པའི་ཤེས་རབ་ཡན་ལག་ལྔ་སྟོན་པ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh263.html?part=UT22084-067-002-1222#UT22084-067-002-1222