Degé Kangyur volume 67, F.206.b

མིག་འདི་ལ་བརྩོན་པར་བྱ་བ་དང་། ཟབ་མོ་ཆོས་ཐམས་ཅད་ཀྱི་སྒོའི་གཞི་དང་། བཟོད་པ་འདི་རབ་ཏུ་བསྟན་པ་དང་། བཟོད་པ་འདི་ལ་སེམས་ཅན་ཡང་རབ་ཏུ་སྦྱོར་བ་དང་། གང་བཟོད་པ་འདི་བསྒོམ་པ་དང་ཀློག་པ་དང་། གཞན་ལའང་ལུང་འབོག་པ་དང་། ཀློག་ཏུ་འཇུག་པ་དང་། གང་ཡང་ཉན་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་དག་ལ་སྤྲོ་བར་བྱ་བ་དང་། ཆོས་དང་ལྡན་པ་དེ་དག་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་སྒྲུབ་པར་ཁྱེད་ལས་སུ་དག་སྤྲོ་བར་འགྱུར། དེའི་ཚེ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་དམ་པའི་ཆོས་ཀྱི་སྦྱིན་གནས་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་རྣམས་སྦྱར་བར་བགྱི་བའི་བར་དང་། གང་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་འདྲིར་སྩལ་བ་དེ་དག་བདག་ཅག་ཆོས་དང་ལྡན་པ་ལ་སྦྱོར་བ་བགྱི་བར་སྤྲོའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སྐྱེས་བུ་ཆེན་པོའི་བྱེད་པ་བྱ་བ་དང་། ཇི་ལྟར་རིགས་ཀྱི་བུ་ཁྱེད་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པ་ནི་ལེགས་སོ་ལེགས་སོ། །​རིགས་ཀྱི་བུ་ཇི་ཙམ་དུ་བཟོད་པ་འདིའི་སྟོབས་དང་། བརྩོན་པ་ཡང་དག་པར་འཛིན་ཅིང་བརྩོན་པ་ལ་དམིགས་པ་དེ་ཙམ་དུ་སྟོབས་དང་བརྩོན་པ་ཡང་དག་པར་འཛིན་པ་ལ་བརྩོན་པར་དམིགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། གླིང་བཞི་པ་ཐམས་ཅད་དང་། ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་ཐམས་ཅད་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱོས་ཤིག །​རྒྱལ་པོ་ལ་མ་གཡོ་བར་བྱོས་ཤིག །​བློན་པོ་དང་། ཞམ་རིང་བ་རྣམས་ཀྱང་ཡལ་བར་མ་གཏང་ཤིག །​རིགས་ཀྱི་བུ་གང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ད་ལྟར་ནས་ཆོས་ཀྱི་རྒྱལ་མཚན་འཕེལ་བར་འགྱུར་གྱི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བར་སྤྲོ་ཞིང་སྡིག་པ་འདོད་པ་ལོག་པར་ལྟ་བའི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་དང་། རབ་ཏུ་དགོད་པ་དང་། ཉེས་པ་མང་བའི་ཤས་ཆེ་བའི་སེམས་ཅན་རྣམས་ཁྱིམ་གྱི་གནས་ནས་ཕྱུང་སྟེ། ཞི་བ་ཡང་དག་པར་འཛིན་དུ་འཇུག་ཅིང་སྦྱོར་བ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh263.html?part=UT22084-067-002-1429#UT22084-067-002-1429