Degé Kangyur volume 66, F.267.b

།དེས་དཔལ་དྲི་ཟའི་སྐད་དུ་བརྗོད་པའི་གླུ་དབྱངས་དང་། ཤིང་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། དྲི་ཞིམ་པ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུར་ལྡན་པར་སྤྲུལ་ཏོ། །​ཤིང་ལྗོན་པ་དང་། རྩྭ་དང་། སྐམ་ཤིང་དང་། འདབ་མ་ས་ལ་རྟེན་པ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་སྤྲུལ་ཏོ། །​མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ན་ཡང་ནད་ནི་རབ་ཏུ་ཞི། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རབ་ཏུ་ཞི། སེམས་ཅན་དག་གིས་ཀྱང་ཟས་དང་། སྐོམ་དང་། གོས་དང་། ཆོས་གོས་དང་། རྒྱན་དག་ཐོབ་པར་གྱུར་ཏོ། །​དེའི་ཚེ་གང་དག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཏེ། གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་ཞིང་ཡན་ལག་ཐམས་ཅད་ནི་ཡོངས་སུ་རྫོགས། རྡུལ་མེད་པ་རབ་རིབ་དང་བྲལ་བའི་སྣང་བའི་དཀྱིལ་འཁོར་གྱི་འོད་ཀྱིས་ནི་མཛེས་པར་བྱས། ཉོན་མོངས་པ་རྣམས་དང་ནི་བྲལ། སེམས་ནི་རབ་ཏུ་ཞི། དགེ་བ་ཐམས་ཅད་ལ་ནི་སེམས་མོས། དཀོན་མཆོག་གསུམ་ལ་ནི་སེམས་རབ་ཏུ་དད་པར་གྱུར་ནས་འཁོར་དེར་ལྷགས་པའི་སེམས་ཅན་རེ་རེའི་ལག་པ་གཉིས་ཀ་ན་ཡང་ནོར་བུ་རིན་པོ་ཆེ་ཐོགས་པར་མཐོང་བར་སྤྲུལ་ནས་ནོར་བུ་རིན་པོ་ཆེ་དེ་རེ་རེ་ལས་ཀྱང་སོ་སོ་དང་འཚམ་པའི་འོད་ཟེར་གྱི་སྣང་བ་བྱུང་བར་གྱུར་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་མ་ལུས་པར་སྣང་བ་ཆེན་པོ་དེས་ཁྱབ་པར་གྱུར་ཏོ། །​ནོར་བུ་རིན་པོ་ཆེ་དེ་དག་ལས་ཀྱང་རོལ་མོའི་སྒྲ་སྣ་ཚོགས་བྱུང་བར་གྱུར་ཏོ། །​ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། །​གོས་བཟང་པོ་སྣ་ཚོགས་ཀྱི་ཆར་དང་། རྒྱན་སྣ་ཚོགས་ཀྱི་ཆར་དང་། མེ་ཏོག་སྣ་ཚོགས་ཀྱི་ཆར་དང་། སྤོས་སྣ་ཚོགས་ཀྱི་ཆར་དང་། ཕྲེང་བ་སྣ་ཚོགས་ཀྱི་ཆར་དང་། གདུགས་སྣ་ཚོགས་ཀྱི་ཆར་དང་། སྣོད་སྣ་ཚོགས་ཀྱི་ཆར་དང་། འབྲས་བུ་སྣ་ཚོགས་ཀྱི་ཆར་ཡང་བབ་པར་གྱུར་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-326#UT22084-066-018-326