Degé Kangyur volume 66, F.281.a

།རྒྱལ་པོའི་བུ་ལ་ལ་ཞིག་གནས་ཆེན་པོའི་དབང་བསྐུར་བ་ཐོབ་པར་སེམས་པ་དེ་གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་བརྗོད་ཅིང་ཕྱག་འཚལ་ལ། མཆོད་པ་དང་རིམ་གྲོ་བྱེད་པ་ལ་སོགས་ཏེ། བྲམ་ཟེའི་གནས་ཆེན་པོ་དང་། ཁྱིམ་བདག་གི་གནས་ཆེན་པོ་དང་། བཟོའི་གནས་ཆེན་པོ་དང་། ཐོས་པའི་གནས་ཆེན་པོ་དང་། སྒོམ་པའི་གནས་ཆེན་པོ་དང་། གང་མོས་པའི་གནས་ཆེན་པོའི་བར་དུ་འདོད་པ་དེ་དག་གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ཕྱག་འཚལ་བར་བྱེད། ཁྲུས་བྱས་ཏེ་གོས་གཙང་མ་བགོས་ནས་ཐོ་རངས་ཀྱི་ཐུན་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སྐྱབས་སུ་སོང་ནས་གསོལ་བ་གདབ་པ་འདི་སྐད་དུ་རྗོད་པར་བྱེད་དེ། ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་སྐལ་བ་སྩོལ་ཅིག །​བསམ་པ་དང་། སེམས་པ་ཐམས་ཅད་དང་། བསམ་པ་ཡིད་བཞིན་དུ་རབ་ཏུ་རྫོགས་པར་མཛོད་ཅིག །​གང་སེམས་ཤིང་གང་གསོལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་མཛོད་ཅིག་ཅེས་བརྗོད་ན། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ལྷའི་རྣ་བའི་ཁམས་རྣམ་པར་དག་པ། མིའི་ལས་འདས་པས་སྒྲ་དེ་ཐོས་ནས་སེམས་ཅན་དེ་དག་ལ་བདག་ཅི་རིགས་པར་སྟོན་ཏེ། དེ་དག་ལ་དེ་ལྟར་ཐབས་ཀྱང་སྟོན་ཏོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དེ་ནི་དེ་ལྟ་བུའི་ཐབས་ཀྱི་ཡོན་ཏན་གྱི་ཆོས་དང་ལྡན་ནོ། །​བློ་རྒྱ་མཚོ་ཆེན་པོ་དང་ལྡན་ནོ། །​རིགས་ཀྱི་བུ་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་ནི་ལ་ལ་ཞིག་གིས་ཚད་བཟུང་བར་ནུས་སྲིད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཐབས་དང་ཡེ་ཤེས་ལ་མཁས་པ་དང་། ཐབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཚད་ནི་གཟུང་མི་ནུས་སོ། །​རིགས་ཀྱི་བུ་ཕྱོགས་བཅུའི་ནམ་མཁའ་མཐའ་ཡས་མུ་མེད་པ་ཐམས་ཅད་ཀྱི་ཚད་ནི་ལ་ལས་གཟུང་བར་ནུས་སྲིད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་སྤྲུལ་པར་བྱེད་པ་ནི་ཚད་གཟུང་མི་ནུས་ཏེ། ལ་ལར་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་པར་བྱེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-353#UT22084-066-018-353