Degé Kangyur volume 66, F.59.b

བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །​དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱད་ན་དེ་ལ་འགྱོད་པ་མང་བ་ཡིན་ནོ། །​དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །​དེ་ལ་སོར་ཆུད་པར་བྱེད་པའི་སྟོབས་ནི་སྡོམ་པ་ཡང་དག་པར་བླངས་པས་མི་ཕྱེད་པའི་སྡོམ་པ་ཐོབ་པའོ། །​དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་རྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་འདི་རྟག་ཏུ་བཀླག་པར་བྱའོ། །​ཁ་ཏོན་དུ་བྱའོ། །​བསམ་པར་བྱའོ། །​བསྒོམ་པར་བྱའོ། །​མང་དུ་བྱའོ། །​དེས་ན་ཉེས་པར་སྤྱད་པ་འབྲས་བུ་འབྱིན་མི་ནུས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ཆོས་བཞི་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། ༄༅༅། །​རྒྱ་གར་སྐད་དུ། ཙ་ཏུར་དྷརྨ་ཀ་སཱུ་ཏྲ། བོད་སྐད་དུ། ཆོས་བཞི་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh249.html?part=UT22084-066-007-62#UT22084-066-007-62