Degé Kangyur volume 66, F.27.b

དེ་ལ་བྱང་ཆུབ་སེམས་དཔས་འདུས་བྱས་ཀྱང་སྤང་བར་མི་བྱ་སྟེ། འདུས་བྱས་སུ་གཏོགས་པའི་ཉོན་མོངས་པ་རྣམས་དང་ཡང་འགྲོགས་པར་མི་བྱའོ། །​འདུས་མ་བྱས་ལ་ཡང་བརྟག་པར་བྱ་སྟེ། སྐྱོན་མེད་པར་ཡང་འཇུག་པར་མི་བྱའོ། །​འདུས་བྱས་དང་འདུས་མ་བྱས་གཅིག་པའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ་དེ་ནི་ཚུལ་ལོ། །​ཚུལ་གྱི་ཚིག་འདི་དག་བསྟན་པའི་ཚེ་ལྷའི་བུ་བརྒྱད་སྟོང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ཆོས་ཀྱི་ཚུལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་དྷརྨ་སྐན་དྷོ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh245.html?part=UT22084-066-003-137#UT22084-066-003-137