Degé Kangyur volume 65, F.23.a

ནང་དུ་མི་འཕོ་བ་དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་འདུ་བྱེད་རྣམས་ཀྱང་སྲིད་པ་འདུ་བྱེད་རྣམས་སུ་འཕོ་བ་ཡང་མ་ཡིན་ལ། ལས་ཀྱི་སྲིད་པའི་རྐྱེན་ལས་ཀྱང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །​འདི་ལྟ་སྟེ། དཔེར་ན་རྨ་བྱའི་མདོངས་གཅིག་ལས་སྲོག་ཆགས་རྣམས་ལ་གཟུགས་དུ་མར་སྣང་ངོ་། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བ་མངོན་པར་འདུ་བྱ་བ་གཅིག་ལས་རྣམ་པར་སྨིན་པ་རྣམ་པ་དུ་མར་སྣང་སྟེ། ལས་ཀྱི་སྲིད་པའི་འདུ་བྱེད་དེ་དག་རྨ་བྱའི་མདོངས་སུ་མི་འཕོ་མོད་ཀྱི། དེའི་རྐྱེན་ལས་རྨ་བྱའི་མདོངས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །​དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་བསགས་པ་ཡང་སྲིད་པར་འཕོ་བ་མ་ཡིན་ཡང་། དགེ་བའི་ལས་ཀྱི་སྲིད་པ་ལ་བརྟེན་ནས་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །​འདི་ལྟ་སྟེ། དཔེར་ན་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་དགེ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་པས་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་ཅིང་མེ་ཏོག་དེ་དག་གཟུགས་དང་དྲི་ལ་སོགས་པར་དབང་བ་ཉིད་དུ་འགྱུར་ཡང་། གང་དགེ་བའི་རྩ་བ་ངོ་མཚར་རྨད་དུ་བྱུང་བ་བྱས་པ་དེ་དག་ནམ་མཁའི་མེ་ཏོག་དེ་དག་ཏུ་མི་འཕོ་སྟེ། ངོ་མཚར་རྨད་དུ་བྱུང་བའི་མཚན་ཉིད་ཀྱང་གཞན་ལ། མེ་ཏོག་དེ་དག་གི་མཚན་ཉིད་ཀྱང་གཞན་ནོ། །​དེ་བཞིན་དུ་དགེ་བའི་ལས་ཀྱི་སྲིད་པ་ཡང་ཡང་སྲིད་པའི་དགེ་བར་འཕོ་བ་ཡང་མ་ཡིན་ལ། དགེ་བའི་ལས་ཀྱི་སྲིད་པའི་ལས་ཀྱི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །​འདི་ལྟ་སྟེ། དཔེར་ན་ཤིན་ཏུ་ཆོས་སྤྱོད་པ་རྣམས་ལ་སིལ་སྙན་རྣམས་མ་བསྐྱོད་པར་མཆོད་པའི་ལས་ཀྱི་ཕྱིར་རང་སྒྲ་འབྱུང་ཡང་ཆོས་སྤྱོད་པ་དེ་སིལ་སྙན་རྣམས་སུ་འཕོ་བ་མ་ཡིན་ཏེ། ཆོས་སྤྱོད་པའི་མཚན་ཉིད་ཀྱང་གཞན་ལ། སིལ་སྙན་དེ་དག་གི་མཚན་ཉིད་ཀྱང་གཞན་མོད་ཀྱི། ཆོས་སྤྱོད་པའི་རྐྱེན་གྱིས་སིལ་སྙན་རྣམས་མ་བསྐྱོད་པར་རང་སྒྲ་འབྱུང་ངོ་། །​དེ་བཞིན་དུ་རབ་ཏུ་བྱས་པའི་དགེ་བའི་ལས་ཀྱི་སྲིད་པའི་འདུ་བྱེད་རྣམས་ཡང་སྲིད་པའི་འདུ་བྱེད་རྣམས་སུ་འཕོ་བ་མ་ཡིན་ཏེ། རབ་ཏུ་ཆོས་སྤྱོད་པའི་རྐྱེན་གྱིས་རབ་ཏུ་ཡང་སྲིད་པའི་རྣམ་པར་སྨིན་པའི་དབང་བ་ཉིད་ཀྱང་འབྱུང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh238.html?part=UT22084-065-001-1266#UT22084-065-001-1266