Degé Kangyur volume 64, F.257.a

ལས་ཀྱིས་གནས་པར་བྱའོ། །​ཀླུའི་བདག་པོ་གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་བརྗོད་པར་བྱ་སྟེ། དེས་ཀླུ་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བ་ཐམས་ཅད་སྦྱིན་པར་བྱེད་དེ། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་བྱེད། རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། ལོ་ཐོག་ཐམས་ཅད་སྐྱེ་བར་བྱེད་དོ། །​ཀླུའི་བདག་པོ་དེ་ལ་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ངྷཱ་ར་ཎི་དྷཱ་ར་ཎི། ཨུདྡྷཱ་ར་ཎི། སམ་པྲ་ཏིཥྛི་ཏེ། བི་ཛ་ཡ་བརྞ། ས་ཏྱ་པྲ་ཏི་ཛྙཱ་ས་ར་དཱ། ཛྙཱ་ན་བ་ཏི། ཨུ་ཏ་པ་ད་ནི་བི་ནཱ་མ་ནི། ཨ་བྷི་ཥེ་ཙ་ནི། ཨ་བྷི་བྱཱ་ཧཱ་ར། ཤུ་བྷ་བ་ཏི། ཛཱི་མ་ཏུ། ཨེ་ཧི་ཀུ་མ་བཱ་ལན། བ་ཧ་ཧ་ར། ཀླེ་ཤཱ་ན་དྷུ་ན་པཱ་བ་མ། ཤོ་དྷ་ཡ་མཱརྒ་ན། ནི་རཱ་ཧི་ཀ་དྷརྨཱ་ཏཱ་ཤུད་དྷཱ། ལོ་ཀ་བི་ཏི་མི་ར་རཱ་ཛ་ས་དུ་ཁ། ཤ་མན་སརྦ་བུདྡྷ་ཨ་བ་ལོ་ཀ་ན་ཨ་དྷི་ཥྛི་ཏེ། པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། ཀླུའི་བདག་པོ་གཟུངས་ཀྱི་ཚིག་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཆོས་ཀྱི་སྐུ་ལ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བདེ་བ་ཐམས་ཅད་སྦྱིན་པ་འདི་དག་གཟུང་བར་བྱ། བརྗོད་པར་བྱའོ། །​ཀླུའི་བདག་པོ་གཞན་ཡང་སྤྲིན་གྱི་རིགས་ལས་འབྱུང་བའི་བྱིན་གྱི་རླབས་བཀོད་པ་གཟི་བརྗིད་ཀྱི་སྙིང་པོ་སྤྲུལ་པ་སྣང་བར་བྱེད་པ། ཡེ་ཤེས་ཀྱི་ཏོག་གི་ཆུའི་རྒྱུན་གྱི་སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན་པ་གསེར་གྱི་འོད་ཟེར་རྣམ་པར་སྣང་བར་བྱེད་པ། སྐྲའི་རྩེ་མོའི་ཆ་ཤས་གཅིག་ལས་བྱུང་བའི་རུས་དང་རིགས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བཟུང་བར་བྱ། ཡིད་ལ་བྱའོ། །​དེ་དག་གིས་ཀླུ་ཐམས་ཅད་དང་། ཀླུའི་རིགས་ཐམས་ཅད་དང་། ཀླུའི་རུས་ཐམས་ཅད་དང་། ཀླུའི་ཆོ་རིགས་ཐམས་ཅད་དང་། ཀླུའི་འབྱུང་བ་ཐམས་ཅད་དང་། ཀླུའི་སྐྱེ་གནས་ཐམས་ཅད་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། ཀླུའི་བུ་མོ་ཐམས་ཅད་དང་། ཀླུའི་གཡོག་ཐམས་ཅད་ཀྱི་ཀླུའི་སྡུག་བསྔལ་ཐམས་ཅད་རྒྱུན་གཅོད་པར་བྱེད། བདེ་བའི་ཡོ་བྱད་ཐམས་ཅད་སྒྲུབ་པར་བྱེད་དོ། །​ཀླུའི་བདག་པོ་དེ་ལ་དེ་བཞིན་གཤེགས་པའི་མཚན་དེ་དག་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh235.html?part=UT22084-064-005-494#UT22084-064-005-494