Degé Kangyur volume 64, F.159.b

གཞིའི་ལེའུ་ཞེས་བྱ་སྟེ་གསུམ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། སེམས་ཅན་མི་གསལ་ཞིང་གླེན་ལ། སེམས་རྟུལ་བ། མུན་པ་ཆེན་པོར་ཞུགས་པ་རྣམས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ཤེས་པའི་སྒྲོན་མའི་འོད་ཟེར་ཕྲ་མོ་རབ་ཏུ་དགྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལྡེམ་པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གསུམ་རྒྱས་པ་རབ་ཏུ་འབར་བར་གྱིས་ཤིག །​སྤྲིན་ཆེན་སྙིང་པོ་སྤྲིན་ཆེན་པོའི་མདོ་ལ་བདག་ཏུ་འཛིན་ཅིང་བདག་གིར་འཛིན་ལ། བདག་ཏུ་འཛིན་པ་མེད་ཅིང་བདག་གིར་འཛིན་པ་མེད་པ་ཞེས་བྱ་བའི་ལྡེམ་པོ་ངག་གམ། གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་དང་། འཇིགས་པའི་ཚུལ་དང་། ཕལ་པའི་ཚུལ་དུ་འཇུག་ལ་འཇིགས་པ་མེད་པ་ཞེས་བྱ་བ་དང་། འདོད་ཆགས་ཀྱི་སྦྱོར་བ་ཡོད་ལ། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། སྐྱོན་དང་སྐྱོན་རབ་དང་ལྡན་ལ་སྐྱོན་མེད་པ་ཞེས་བྱ་བ་དང་། གཏི་མུག་ཅིང་རབ་ཏུ་གཏི་མུག་ལ་གཏི་མུག་ཀྱང་མེད་པ་ཞེས་བྱ་བ་དང་། འདོད་ཆགས་ཤིང་རབ་ཏུ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། ཆགས་ཤིང་ཤིན་ཏུ་ཆགས་ལ་ཆགས་པ་མེད་པ་ཞེས་བྱ་བ་དང་། ཞེན་ཅིང་ཤིན་ཏུ་ཞེན་ལ་ཞེན་པ་མེད་པ་ཞེས་བྱ་བ་དང་། སྐྱོན་ཆགས་ཤིང་རབ་ཏུ་སྐྱོན་ཆགས་ལ་སྐྱོན་ཆགས་པ་མེད་པ་ཞེས་བྱ་བ་དང་། མུན་གནག་ཅིང་ཤིན་ཏུ་གནག་ལ་རབ་ཏུ་སྣང་བ་ཞེས་བྱ་བ་དང་། རྟུལ་ཞིང་རབ་ཏུ་རྟུལ་ལ་ཤིན་ཏུ་རྣོ་བ་ཞེས་བྱ་བ་དང་། གཅོད་ཅིང་འབྱེད་ལ་ཤིན་ཏུ་སྙིང་བརྩེ་བ་ཞེས་བྱ་བ་དང་། བརླང་ཞིང་ཤིན་ཏུ་སྡིག་བྱེད་ལ་བྱམས་པ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བ་དང་། སྦྱིན་པ་ལ་སྨོད་ཅིང་རབ་ཏུ་སྨོད་ལ་སྦྱིན་པ་བསྔགས་པར་བྱེད་པ་ཞེས་བྱ་བ་དང་། སྨད་ཅིང་ཤིན་ཏུ་སྨད་ལ་སྨད་དུ་མེད་པ་ཞེས་བྱ་བ་དང་། རྟག་ཏུ་བདག་སྟོད་ཅིང་གཞན་སྨོད་ལ་ལས་ཀྱང་རྣམ་པར་དག་པ་ཞེས་བྱ་བ་དང་། ཆགས་ཤིང་རབ་ཏུ་ཆགས་ལ་ཆགས་པ་ཡང་མེད་པ་ཞེས་བྱ་བ་དང་། མི་མཉམ་ཞིང་ཤིན་ཏུ་མི་མཉམ་ལ་མི་མཉམ་པ་ཡང་མ་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1557#UT22084-064-002-1557