Degé Kangyur volume 64, F.192.b

རྟེན་གྱི་ཁམས་གཅིག་གི་ནང་དུ་བརྟུལ་ནས་སྲན་ཆུང་གི་འབྲུ་གཅིག་གི་ནང་དུ་ཆུད་པར་བྱེད་དེ་འོན་ཀྱང་སེམས་ཅན་སུ་ལ་ཡང་གནོད་པར་མི་འགྱུར་ལ། སེམས་ཅན་དེ་དག་གིས་ཀྱང་བདག་ཅག་གང་དུ་ཁྱེར་བ་དང་། གང་དུ་སོང་བ་དང་། གང་དུ་བཅུག་པ་མི་ཤེས་མི་མཐོང་ངོ་། །​སེམས་ཅན་གཞན་དག་གིས་ནི་ཤེས་ཤིང་མཐོང་སྟེ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུལ་བའི་དབང་གིས་བྱ་བ་དེ་ལྟ་བུ་དག་སྟོན་པར་བྱེད་དོ། །​བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྙིང་པོས་གསོལ་པ། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཀོད་པའི་གཙོ་བོ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཏིང་ངེ་འཛིན་འདིའི་བསོད་ནམས་བགྱི་བའི་དངོས་པོའི་ཆེ་བ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་མཆིས་པ་ཡང་སེམས་ཅན་རྣམས་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ་ལེགས་སོ་ལེགས་སོ། །​སྤྲིན་ཆེན་སྙིང་པོ་ཁྱོད་ལེགས་ཀྱིས་ཏིང་ངེ་འཛིན་འདིའི་རྒྱུ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དཔེ་ཙམ་དུ་བསྟན་པར་བྱ་སྟེ། རིགས་ཀྱི་བུ་དཔེར་ན་ཆུ་ཀླུང་ཆེན་པོ་དང་། འབབ་ཆུ་དང་། མཚེའུ་དང་། མཚོ་བྲན་དང་། ཆུ་བྲན་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོངས་སུ་གཏོགས་ཤིང་དེའི་ནང་དུ་འདུས་སོ། །​སྤྲིན་ཆེན་སྙིང་པོ་དེ་བཞིན་དུ་མདོ་འདི་ལས་གཞན་པའི་མདོ་དག་གི་བྱ་བ་གང་ཅི་ཡང་རུང་བ་རྣམས་ནི་ཏིང་ངེ་འཛིན་འདིའི་ཁོངས་སུ་གཏོགས་ཤིང་འདིའི་ནང་དུ་འདུས་པར་བལྟ་བར་བྱའོ། །​སྤྲིན་ཆེན་སྙིང་པོ་གཞན་ཡང་མདོ་འདི་ལ་མ་གཏོགས་པའི་མདོ་དང་། ཏིང་ངེ་འཛིན་དང་། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་བྱ་བའི་དངོས་པོ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དེ་བཞིན་གཤེགས་པ་རྟག་པ་ཉིད་ཀྱི་ཏིང་ངེ་འཛིན་འདི་ཐང་ཅིག་ཙམ་ཐོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁོངས་སུ་གཏོགས་ཤིང་དེའི་ནང་དུ་འདུས་པར་བལྟ་བར་བྱའོ། །​སྤྲིན་ཆེན་སྙིང་པོ་དེ་བས་ན་ཐམས་ཅད་རྟག་པ་དང་། ཐེར་ཟུག་པ་དང་། ཞི་བ་དང་། བརྟན་པའི་བསོད་ནམས་འདོད་པའི་སེམས་གཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1623#UT22084-064-002-1623