Degé Kangyur volume 64, F.171.b

རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཡོ་བར་དགའ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩ་བ་བརྟན་པ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་བསྐྱོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་མོ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་མཛོད་ཀྱི་རྣམ་པར་ཐར་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡིད་དུ་འོང་བས་རྒྱས་པའི་བློ་གྲོས་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་གནས་མི་ཟད་པའི་བློ་གྲོས་ཀྱི་སྟོབས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསམ་གྱིས་མི་ཁྱབ་པའི་ཚུལ་གྱི་མཐའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་མཐའ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱ་མཚོ་མི་ཟད་པ་ཐམས་ཅད་ཀྱི་བློ་གྲོས་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། སྤྲིན་ཆེན་སྙིང་པོ་བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་སྐར་འོད་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་བཅོམ་ལྡན་སངས་རྒྱས་བསམ་མི་ཁྱབ། །​དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་སྐུ། །​སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ། །​བསམ་གྱིས་མི་ཁྱབ་བསམ་ཡས་མདོ་ཡང་སྟོན། །​དེ་ཁོ་ནའི་སྙིང་པོའི་ཚུལ་གྱིས་མངོན་པར་རྩེ་བ་ལ་དགའ་བའི་རྒྱལ་པོའི་རྣམ་པར་འཕྲུལ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་དྲུག་པའོ།​། །​།དེ་ནས་དེའི་ཚེ་ལྷའི་བུ་བློ་གྲོས་མྱུར་ལྡན་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོའི་ལས་བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཏ་ལ་བདུན་སྲིད་ཙམ་དུ་བར་སྣང་ལ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས། མདོ་སྡེ་དག་ལ་དུ་ཞིག་མཆིས། །​ཏིང་འཛིན་རྣམས་ཀྱང་དུ་ཞིག་མཆིས། །​གཟུངས་ཀྱི་ལམ་དག་དུ་ཞིག་མཆིས། །​གསང་ལ་འཇུག་པ་དུ་ཞིག་མཆིས། །​བཅོམ་ལྡན་འདས། ད་ལྟར་བཞུགས་པའི་སངས་རྒྱས་དུ། །​མ་བྱོན་པ་ནི་དུ་ཞིག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1581#UT22084-064-002-1581