Degé Kangyur volume 64, F.167.b

སྤྲིན་ཆེན་སྙིང་པོས་གསོལ་པ། སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་མེད་པའི་སྟོབས་ཟབ་མོའི་ཚུལ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་བརྟན་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་ཀྱི་སྟོབས་ཀྱི་འོད་འཕྲོ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་ཁྲིམས་ཀྱི་མཚམས་བཟང་པོ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་འོ་མ་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསོད་ནམས་ཀྱི་རྒྱུན་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བྱམས་པའི་སྟོབས་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་རྗེའི་སྟོབས་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བའི་སྟོབས་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བཏང་སྙོམས་ཀྱི་སྟོབས་འཛག་པ་བཀོད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་རིན་ཆེན་དཔལ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​དེ་བཞིན་གཤེགས་རྒྱལ་མི་ཕྱེད་སྐུ་མངའ་བ། །​མཐའ་ཡས་སྟོབས་ལྡན་ཁྱོད་ལ་རྟག་ཕྱག་འཚལ། །​སེམས་ཅན་རྣམས་ལ་ཕན་པ་མཛད་སླད་དུ། །​བཀོད་པ་རྣམ་པ་སྣ་ཚོགས་སྟོན་པ་མཛད། །​སྒྲ་ཆེན་པོའི་དུས་རྣམ་པར་བསྒྲགས་པ་བཀོད་པའི་རྒྱལ་པོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་ལྔ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། མི་འཇིགས་པ་ཆེན་པོའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོའི་སྟོབས་ཀྱི་དུས་ལ་མི་འཇིགས་པའི་སྟོབས་ཀྱི་རྣམ་པར་འཕྲུལ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། འཇིགས་པ་མེད་པའི་རྣམ་པའི་རྩ་བ་ལ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་དཔལ་གྱི་ལུས་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པ་གཙང་སྦྲ་ལ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1573#UT22084-064-002-1573