Degé Kangyur volume 64, F.43.a

ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་ཐམས་ཅད་དུའང་རྒྱུ་ལ། ཆོས་ཀྱི་ལུས་ཀྱིས་མི་སྣང་བ་ཡང་ཡིན་ཞིང་མི་རྟོག་རྣམ་པར་མི་རྟོག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གནས་མེད་པར་སྤྱོད་པ་ཡིན་ནོ། །​རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ཀུན་ཏུ་མུ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རླུང་མར་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་དག་ཏུ་རེག་པར་བྱེད་དེ་གཡོབ་ཅིང་རྒྱུའོ། །​རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་ཆོས་མུ་མེད་པ་དག་ཀུན་རྫོབ་དང་། དོན་དམ་པར་ཀུན་ནས་མཐོང་ཞིང་རྒྱས་པར་བྱེད། རེག་པར་བྱེད། རྣམ་པར་འགོད་ཅིང་སྟོན་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དག་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དག་དང་། འགྲོ་བ་ཐམས་ཅད་ཀྱི་གནས་དག་ཏུ་ཡིད་ཀྱི་མགྱོགས་པ་དང་ལྡན་ཞིང་། ཕྱོགས་ཐམས་ཅད་ཀྱི་མཐར་ཐུག་པའི་སྤྱོད་ཡུལ་པར་གྱུར་ནས་རྒྱུ་ཞིང་འགྲོ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྤྱོད་ཡུལ་ཀུན་ཏུ་མུ་མེད་པ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ང་རྒྱལ་གྱིས་སྙེམས་པའི་རྩེ་མོ་འཐོར་ཞིང་འཇིག་ལ་རབ་ཏུ་རྙིལ་པར་བྱེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རླུང་མར་ནི་རི་དང་། ཁྱིམ་དང་། ནགས་ཚལ་གྱི་རྩེ་མོ་དག་འདུད་པར་བྱེད། རབ་ཏུ་རྙིལ་བར་བྱེད། རྣམ་པར་འཇིག་པར་བྱེད། འཐོར་བར་བྱེད། མི་སྔར་བར་བྱེད་དོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ཡང་སེམས་ཅན་ང་རྒྱལ་དང་། རློམ་པ་དང་། དྲེགས་པ་དང་། འཇིག་ཚོགས་ལ་ལྟ་བའི་རྩེ་མོས་སྙེམས་པ་རྣམས་གཟུགས་དང་། དར་ལ་བབ་པ་དང་། ལོངས་སྤྱོད་དང་། དབང་དང་། སྟོབས་དང་། ཚེ་དང་། ནད་མེད་པ་དང་། འཚོ་བ་དང་། བཟོ་དང་། ཐོས་པ་དང་། ཡིད་གཞུངས་པ་དང་། གཡོག་དང་། སྨྲ་མཁས་པ་དང་། དཔལ་ཆེ་བའི་དྲེགས་པས་མྱོས་པ་དག་དང་། ཡང་དག་པའི་ནན་ཏན་གྱིས་བདག་བསྟོད་པ་རྣམས་ལ་དེ་དང་ཁྱད་ཞུགས་པའི་ཕུན་སུམ་ཚོགས་པ་བསྟན་པ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1082#UT22084-064-001-1082