Degé Kangyur volume 64, F.31.b

འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་སྐྱེད་དུ་འཇུག །​བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ། ཚུལ་ཁྲིམས་ཙམ་གྱིས་ཆོག་པར་འཛིན་པ་དག་ནི་བརྩོན་འགྲུས་ལ་འཇོག །​སེམས་ཅན་གང་རྣམས་བསླབ་པ་ཀུན་སྤྱོད་པ་ཕྲ་མོ་ལས་འགལ་བ་དག་དེའི་རྒྱུ་དེའི་རྐྱེན་དེའི་གཞིས་སེམས་ཀུན་ཁེབས་ཤིང་འཁོད་དེ། དགའ་མགུ་རངས་པ་ཡང་མི་རྙེད་པ་དེ་དག་ལ། དེ་ཅི་ནས་ཀྱང་གནས་དེ་ནས་ལྡང་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་དག་པར་འཛིན་དུ་འཇུག་པ་དང་། གཟེངས་སྟོད་པ་དང་། ཤིན་ཏུ་དགའ་བར་བྱེད་པའི་ཐབས་མཁས་པ་ཡིན་ནོ། །​རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་ཐབས་མཁས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བར་འགྱུར་ཏེ། རྙེད་པ་ཆུང་ངུ་ཡང་ཆོས་ཀྱི་རྙེད་པས་ཆོག་པར་འཛིན་པ་ཡིན། དེ་གཅིག་པུ་ལྐོག་ཏུ་སོང་སྟེ། རབ་ཏུ་དབེན་པར་གནས་ནས། དེ་འདི་ལྟར་སེམས་ཏེ། མ་ལ་བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བསམ་མོ་སྙམ་ནས། དེ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་རྣམ་པ་སྣ་ཚོགས་སེམས་ཏེ། དེ་ལྟར་སེམས་པ་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །​ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། དེ་ལ་གང་མཆོད་པ་དང་། རིམ་གྲོ་བྱ་བ་མངོན་པར་བྱེད་པ་འདི་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །​མཆོད་པ་དང་། རིམ་གྲོ་བྱ་བ་དེ་ལ་གང་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་སྐྱེ་བ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​མཆོད་པ་དང་། རིམ་གྲོ་བྱ་བ་དེ་དག་ལ་གང་སེམས་མངོན་པར་མོས་ཤིང་ཤིན་ཏུ་དགའ་བ་འདི་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །​མཆོད་པ་དང་། རིམ་གྲོ་བྱ་བ་དེ་དག་ཉིད་ལ་གང་སེམས་མི་སྐྱོ་བ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །​མཆོད་པ་དང་། རིམ་གྲོ་བྱ་བ་དེ་དག་ཉིད་ལ་གང་ཉེ་བར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1059#UT22084-064-001-1059