Degé Kangyur volume 64, F.26.a

སེམས་ཅན་མེད་དུ་ཟིན་ཀྱང་ལས་ཀྱི་རྣམ་པར་སྨིན་པ་ཡང་མངོན་ནོ་སྙམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་སེམས་ཅན་དེ་ཡང་མེད་ལ། ཇི་ལྟར་དགེ་བ་དང་། མི་དགེ་བའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ཡང་མངོན་པ་དེ་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལས་ཀྱི་རྣམ་པར་སྨིན་པ་ལ་མཁས་པ་ཡིན་ནོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདུས་བྱས་ཀྱི་ཆོས་རྣམས་ལ་ཡང་དག་པའི་ཤེས་རབ་ཀྱིས་རྟོག་པར་བྱེད་ཅིང་དེ་འདི་སྙམ་དུ་སེམས་ཏེ། འདུས་བྱས་ཀྱི་ཆོས་འདི་དག་ནི་མི་གནས་པ། གཡོ་བ། ཟིལ་པའི་ཐིགས་པ་ལྟ་བུ། རི་བོའི་འབབ་ཆུ་ལྟ་བུ་ཡིན་ན། དེ་ལ་མཁས་པ་སུ་ཞིག་འདི་ལྟ་བུའི་ཆོས་རྣམས་ལ་ཞེན་པ་དང་། ཆགས་པར་བྱེད་པའམ། དེ་དག་མེད་པར་གྱུར་པས་མྱ་ངན་དུ་བྱེད་སྙམ་ནས། དེ་དེའི་རྒྱུ་དེའི་རྐྱེན་དེའི་གཞིས་སྐྱོབ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་སེམས་གཏོང་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འདུས་བྱས་ལ་མཁས་པ་ཡིན་ནོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུན་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་དཔྱོད་དེ། ཀྱེ་མའོ་འཇིག་རྟེན་གནས་པ་འདི་ནི་མ་རིག་པས་ལྡོངས་པ། འཁོར་བ་ལ་ཕྱོགས་པ། སྲིད་པའི་ཞགས་པས་བཅིངས་པ་སྟེ། ལེན་པ་ཉེ་བར་ལེན་ཏོ། །​དེ་ལེན་པའི་རྒྱུས་དགེ་བ་དང་། མི་དགེ་བའི་ལས་མངོན་པར་འདུ་བྱེད་དེ། དེ་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པ་དང་ལྡན་པས་སྲིད་པར་ཡང་མཚམས་སྦྱོར་བར་འགྱུར་ཏེ། དེའི་རྒྱུ་ལས་སྐྱེ་བར་འགྱུར་རོ། །​སྐྱེ་བ་ཡོད་པས་རྒ་བར་འགྱུར་རོ། །​རྒ་བའི་ཆོས་ཅན་ནི་འཆི་བར་འགྱུར་རོ། །​འཆི་བ་ལས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྒྱུན་ཆགས་པ་ཉིད་དུ་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་དེ་ཟོ་ཆུན་རྒྱུད་མོའི་འཁོར་ལོ་ལྟར། འཁོར་བའི་འཁོར་ལོའི་རྒྱུན་དུ་འགྱུར་རོ་སྙམ་སྟེ། དེ་ཡང་བྱང་ཆུབ་སེམས་དཔས་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བའི་རྒྱུན་ལ་མཁས་པ་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1048#UT22084-064-001-1048