Degé Kangyur volume 64, F.104.a

།རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འཚོ་བ་ཡོངས་སུ་དག་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་རྒྱུ་སེམས་ཅན་གྱི་ཕྱིར་འཁོར་བ་ན་གནས་པས་ཡོངས་སུ་མི་སྐྱོའོ། །​སེམས་ཅན་གྱི་རྒྱུ་སེམས་ཅན་གྱི་ཕྱིར་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་མི་སྐྱོའོ། །​སེམས་ཅན་གྱི་དོན་རྣམས་ལ་ཡོངས་སུ་མི་སྐྱོའོ། །​སེམས་ཅན་གྱི་དགོས་པ་རྣམས་ལ་ཡོངས་སུ་མི་སྐྱོའོ། །​སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོའོ། །​གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ལམ་སྟོན་པས་ཡོངས་སུ་མི་སྐྱོའོ། །​དེ་དག་ལ་མ་དད་པར་ཡང་མི་བྱེད་དོ། །​བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡོངས་སུ་བསྡུ་བས་ཀྱང་ཡོངས་སུ་མི་སྐྱོའོ། །​བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བས་ཀྱང་ཡོངས་སུ་མི་སྐྱོའོ། །​བསམ་པ་མྱ་ངན་ལས་འདས་པར་གྱུར་ཀྱང་མྱ་ངན་ལས་འདས་པ་ལ་མངོན་པར་མི་ལྟའི། བྱང་ཆུབ་ལ་གཞོལ། བྱང་ཆུབ་ལ་འབབ། བྱང་ཆུབ་ལ་བབ་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡིད་ཡོངས་སུ་མི་སྐྱོ་བ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱི་བཀའ་བཞིན་བྱེད་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། བག་མེད་པ་ཐམས་ཅད་དང་བྲལ་ཞིང་བག་ཡོད་པར་སྤྱོད་པ་རྣམས་ཡིན། ལུས་ཀྱིས་ཤིན་ཏུ་བསྡམས་ཤིང་ལུས་ཀྱི་ངན་དུ་སྤྱད་པ་མི་སྤྱོད་པ་རྣམས་ཡིན། ངག་གིས་ཤིན་ཏུ་བསྡམས་ཤིང་ངག་གི་ངན་དུ་སྤྱད་པ་མི་སྤྱོད་པ་རྣམས་ཡིན། ཡིད་ཀྱིས་ཤིན་ཏུ་བསྡམས་ཤིང་ཡིད་ཀྱི་ངན་དུ་སྤྱད་པ་མི་སྤྱོད་པ་རྣམས་ཡིན། འཇིག་རྟེན་ཕ་རོལ་གྱིས་འཇིགས་ཤིང་མི་དགེ་བའི་ཆོས་ཐམས་ཅད་རྣམ་པར་སྤངས་པ་རྣམས་ཡིན། རིགས་པར་སྨྲ་ཞིང་མི་རིགས་པ་ཐམས་ཅད་དང་བྲལ་བ་རྣམས་ཡིན། ཆོས་སྨྲ་ཞིང་ཆོས་མ་ཡིན་པ་ལ་སྨོད་པ་རྣམས་ཡིན། སྨད་པའི་ལས་རྣམ་པར་སྤངས་ཤིང་དགེ་བའི་ལས་ཀྱི་རྗེས་སུ་འབྲང་བ་རྣམས་ཡིན། དེ་བཞིན་གཤེགས་པའི་བསྟན་པ་ལ་སུན་མི་འབྱིན་ཅིང་ཉོན་མོངས་པའི་དྲི་ང་བའི་ཡུལ་ཐམས་ཅད་དང་བྲལ་བ་རྣམས་ཡིན། དེ་བཞིན་གཤེགས་པའི་ཆོས་ཉིད་ཡོངས་སུ་སྐྱོང་ཞིང་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སྲུང་བ་རྣམས་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1204#UT22084-064-001-1204