Degé Kangyur volume 64, F.102.a

།བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ཅི་ཆོས་དེ་དག་ཚོགས་པས་སྐྱེ་བར་འགྱུར་རམ། འོན་ཏེ་ལ་ལ་མ་ཚང་ཡང་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ལ་ཆོས་ཚོགས་པ་དེ་དག་ལས་ཆོས་གཅིག་ཀྱང་སྐྱོན་མེད་པ། མ་འདྲེས་པ། མ་འབགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡོངས་སུ་རྫོགས་པར་གྱུར་པ་དེ་ལ་རིགས་ཀྱི་བུ་ཆོས་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བས་རིགས་ཀྱི་བུ་དེའི་ཕྱིར་ཆོས་དེ་དག་ཚོགས་པས་སྐྱེའི། མ་ཚོགས་པས་ནི་མ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེའོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་འཆོས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་། སྐྱོང་ནུལ་བྱ་བ་འབུལ་བ་དང་། ཕ་མ་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། མཁན་པོ་དང་། སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་ཅིང་། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ། ཟང་ཟིང་དང་བཅས་པས་མ་ཡིན་ལ། དགེ་བའི་རྩ་བ་དེ་ཡང་འདི་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་སྔོ་ཞིང་། དེ་ཡང་བསམ་པ་ཐག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། ཉེ་བར་ལེན་པ་མེད་པ་རྣམས་ཡིན། འདུ་འཛི་མེད་པར་སྤྱོད་པ་རྣམས་ཡིན། ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་ཡིན། ཡུལ་ལ་སྲེད་པ་དང་བྲལ་བ་རྣམས་ཡིན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1200#UT22084-064-001-1200