Degé Kangyur volume 64, F.82.a

ངན་སོང་རྣམས་ཀྱི་སྒོའོ། །​ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གཞིའོ། །​བདེ་འགྲོ་རྣམས་ཆུད་སོན་པའོ། །​འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་རྐྱེན་དུ་གྱུར་པའོ། །​ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པའོ། །​ཆོས་ཐམས་ཅད་ཀྱི་ཐོག་མར་སེམས་འགྲོ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱང་ཡོངས་སུ་ཤེས་པར་འགྱུར་རོ། །​གཞན་ཡང་འཇིག་རྟེན་སེམས་ཀྱིས་བྲིས་པ་སྟེ། སེམས་ནི་སེམས་ཀྱིས་མི་མཐོང་ངོ་། །​དགེ་བའམ་ཡང་ན་མི་དགེ་བའི་ལས་ནི་སེམས་ཀྱིས་བསགས་པའོ། །​སེམས་ནི་མགལ་མེ་ལྟ་བུར་འཁོར། །​སེམས་ནི་རྟ་ལྟར་འཁྱམ་པ་ཡིན། སེམས་ནི་ནགས་ཀྱི་མེ་ལྟར་འཚིག །​སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད། །​དེ་དེ་ལྟར་རྟོག་པས་སེམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཏེ། སེམས་ཀྱི་དབང་དུ་མི་འགྲོའི་སེམས་ཉིད་དེའི་དབང་དུ་འགྲོ་སྟེ། སེམས་དེའི་དབང་དུ་གྱུར་པས་ཆོས་ཐམས་ཅད་དབང་དུ་གྱུར་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་དང་། དེ་དག་ལ་གནས་པ་གཞན་དག་ལ་འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་འདོད་ཆགས་ཀྱི་གཉེན་པོ་ལ་སྟེན། ཞེ་སྡང་དང་། གཏི་མུག་གི་གཉེན་པོ་ལ་སྟེན་ཅིང་དེ་དག་སྤང་བའི་ཕྱིར་བརྩོན་པ་ཡིན་ནོ། །​ཆོས་འདི་དག་ནི་དགེ་བའོ་ཞེས་བྱ་བར་ཤེས་ནས་ཆོས་དེ་དག་ལ་སེམས་གཏོང་ཞིང་དྲན་པ་ཉེ་བར་གཞོག་སྟེ། ཆོས་དེ་དག་ཀྱང་ཡང་དག་པར་བླངས་ཤིང་གནས་སོ། །​གཞན་ཡང་བསླབ་པ་དེ་ཉིད་ལ་འགོད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་སོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡུལ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་གནས་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་ཆགས་པར་འཛིན་པར་ཡང་མི་འགྱུར།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1160#UT22084-064-001-1160