Degé Kangyur volume 64, F.9.a

དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་བསྐོར་ཅིང་མདུན་དུ་བདར་ཏེ། རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་ནས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །​གྲགས་ཆེན་ཤེས་རབ་ཆེན་པོ་པ། །​ཐུབ་ཆེན་དཔའ་བོ་ཆེན་པོ་པ། །​སྲིད་པའི་མྱ་ངན་རྒལ་བ་པོ། །​ཉོན་མོངས་རྒལ་ལ་ཕྱག་འཚལ་ལོ། །ཐམས་ཅད་དུ་ཡང་ཐ་ལེ་སྟེ། །​ཀུན་ནས་རབ་ཏུ་ལྷན་ནེར་བཞུགས། །​ཀུན་ནས་རྣམ་པར་གྲོལ་བ་པོ། །​ཕྱག་འཚལ་མི་མཚུངས་མཚུངས་མེད་ལ། །​རབ་ཏུ་མི་སྒུལ་རི་བོ་བཞིན། །​གཏིང་ཚོད་ཡངས་པ་རྒྱ་མཚོ་འདྲ། །​མུ་སྟེགས་ཀུན་ནས་མི་བསྐྱོད་པ། །​ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །​ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །​གཟོད་ནས་ཞི་ཞིང་མ་སྐྱེས་པ། །​རང་བཞིན་མྱ་ངན་འདས་པ་ཡི། །​ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །​ལ་ལ་ལ་ནི་ལམ་ཡང་བསྟན། །​ལ་ལ་ཡང་དག་ཉིད་ལ་བཀོད། །​ལ་ལ་ཡང་དག་མྱ་ངན་བཟླས། །​ལ་ལ་བྱང་ཆུབ་ལུང་ཡང་བསྟན། །​བག་ལ་ཉལ་དང་བསམ་པ་མཁྱེན། །​ཁྱོད་ཀྱིས་མི་མཁྱེན་ཅི་ཡང་མེད། །​དེ་ཕྱིར་འདུལ་བའི་བྱ་བ་རྣམས། །​གཟིགས་པས་ཁྱོད་ཀྱི་བཀའ་འགྲུབ་བོ། །​བྱང་ཆུབ་སྙིང་པོར་བཞུགས་པ་ན། །​འདོད་ཆགས་ཞེ་སྡང་གཏི་མུག་དང་། །​དྲི་མ་སྣ་ཚོགས་གཞན་རྣམས་ཀྱང་། །​ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །​རྒལ་ནས་སེམས་ཅན་རྣམས་སྒྲོལ་ཞིང་། །​གྲོལ་ནས་སྐྱེ་དགུ་གྲོལ་མཛད་དེ། །​སྲིད་པའི་མྱ་ངན་འཁྱམས་པ་ཡི། །​འཇིག་རྟེན་ཚོལ་བ་ཁྱོད་ལགས་སོ། །​སྲིད་པའི་བཙོན་རར་སེམས་ཅན་དག །​ཡུན་རིང་མི་ཤེས་གཉིད་ལོག་རྣམས། །སད་པར་མཛད་པ་མགོན་པོ་ཁྱོད། །​གཉེན་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །​ཁྱོད་ཀྱི་སྲས་མཆོག་འདི་དག་ཀྱང་། །​ཐམས་ཅད་བྱང་ཆུབ་སླད་དུ་ཞུགས། །​དམ་པའི་ཆོས་ནི་ཉན་འཚལ་ན། །​འདྲེན་པས་དེ་དག་བསྟན་དུ་གསོལ། །​དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1014#UT22084-064-001-1014