Degé Kangyur volume 64, F.77.b

མང་དུ་ཐོས་པའི་གང་ཟག་ཆོས་སྨྲ་བ་རྣམས་དང་མ་བྲལ་བ་རྣམས་ཡིན། ཕ་རོལ་ཏུ་ཕྱིན་པ་མཉན་པ་དང་མ་བྲལ་བ་རྣམས་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མཉན་པ་དང་མ་བྲལ་བ་རྣམས་ཡིན། རྣམ་པར་ཐར་པའི་སྒོ་གསུམ་མཉན་པ་དང་མ་བྲལ་བ་རྣམས་ཡིན། ཚངས་པའི་གནས་བཞི་མཉན་པ་དང་མ་བྲལ་བ་རྣམས་ཡིན། ཐམས་ཅད་མཁྱེན་པ་ཉིད་མཉན་པ་དང་མ་བྲལ་བ་རྣམས་ཡིན་ཏེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་མ་བྲལ་བ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ། །​ལྟ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། ཆོ་ག་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། འདུ་འཛི་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང་། ལེ་ལོ་ཅན་གྱི་གང་ཟག་རྣམ་པར་སྤངས་པ་དང་། འཁོར་བ་ལ་དགའ་བའི་གང་ཟག་རྣམ་པར་སྤངས་པ་དང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང་། ཁྱིམ་པ་དང་སྟེན་པ་རྣམ་པར་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་རྣམ་པར་སྤངས་པས་ན་སྡིག་པའི་གྲོགས་པོ་རྣམ་པར་སྤངས་པར་རིག་པར་བྱ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེས་གནས་འདི་དག་རྣམ་པར་སྤོང་བའི་ཚེ། གང་ཟག་དེ་དག་ལ་ཞེ་སྡང་བའི་སེམས་བསྐྱེད་པར་མི་བྱའོ། །​ཁོང་ཁྲོ་བའི་སེམས་དང་། བརྙས་པའི་སེམས་བསྐྱེད་པར་མི་བྱའི། དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་རྣམས་ནི་ཁམས་སོ་སོར་བསྟེན་ཏེ། བསྟེན་པར་གྱུར་ནས་ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་གྱིས། དེ་བས་ན་བདག་གིས་བསྟེན་པ་ཡོངས་སུ་སྤང་བར་སེམས་ཉེ་བར་གཞག་པར་བྱའོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་ཐོབ་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། ལུས་མཉམ་པ་རྣམས་ཡིན། ལུས་ཡོངས་སུ་དག་པ་རྣམས་ཡིན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1151#UT22084-064-001-1151