Degé Kangyur volume 64, F.76.a

།བྱང་ཆུབ་སེམས་དཔའ་ནི་དབང་པོ་མ་ཚང་བའི་རྣམ་པ་གང་གིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མི་རུང་བར་འགྱུར་བར་དབང་པོ་དང་མི་ལྡན་པར་འགྱུར་བ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་བྱ་བ་ལ་བརྩོན་ཞིང་བསོད་ནམས་ཀྱིས་བརྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་སམ། དགེ་འདུན་ལ་བྱ་བ་གང་བྱས་ཤིང་། བསྙེན་པ་དང་། བསྟེན་པ་དང་། བསྒོམས་པ་དང་། མང་དུ་བྱས་པས་དབང་པོ་ཕུན་སུམ་ཚོགས་པར་འགྱུར་བའི་བྱ་བ་དེ་དང་དེ་དག་བྱེད་ཅིང་། དབང་པོ་ཕུན་སུམ་ཚོགས་པས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་འགྱུར་བ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་རྣམས་ནི་མཐའ་འཁོབ་ཀྱི་ཡུལ་གང་ན་སེམས་ཅན་བླུན་པ། རྨོངས་པ། ལུག་ལྟར་ལྐུགས་པའི་ངང་ཚུལ་ཅན། སྐལ་བ་མེད་པ། ལེགས་པར་བཤད་པ་དང་ཉེས་པར་བཤད་པའི་དོན་ཤེས་པར་བྱ་བའི་མཐུ་མེད་པ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པ། མར་མི་ཤེས་པ། ཕར་མི་ཤེས་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ་དག་གི་ནང་དུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་རྣམས་ནི་དབུས་ཀྱི་ཡུལ་གང་ན་སེམས་ཅན་དབང་པོ་རྣོ་བ། དབང་པོ་གསལ་བ། མཁས་པ། མཁས་པར་བཀུར་བ། སྐལ་བ་ཡོད་པ། ལེགས་པར་བཤད་པ་དང་། ཉེས་པར་བཤད་པའི་དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་ཅིང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པ། ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ་དག་གི་ནང་དུ་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྔོན་གྱི་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་ཀྱི་མཐུ་དང་ལྡན་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའ་རྣམས་ནི་གང་ན་གནས་པས་སངས་རྒྱས་སྐྱེས་པ་དུ་མ་འབྲས་བུ་མེད་པར་འགྱུར་བ་དང་། སེམས་ཅན་གྱི་དོན་འགྲིབ་པར་འགྱུར་བ། ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་པའི་ཁམས་ཉིད་དུ་གང་ན་སེམས་ཅན་གདུལ་བར་བྱ་བ་དང་། སངས་རྒྱས་སྐྱེས་པ་མཉེས་པར་བྱར་ཡོད་པར་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐབས་མཁས་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའ་རྣམས་ནི་གང་ན་སངས་རྒྱས་མི་བཞུགས་པ་དང་། ཆོས་མི་ཐོས་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱར་མེད་པའི་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་མི་སྐྱེའི། བྱང་ཆུབ་སེམས་དཔའ་རྣམས་ནི་དཀོན་མཆོག་གསུམ་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་སྐྱེའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1148#UT22084-064-001-1148