Degé Kangyur volume 64, F.65.a

དེ་འདི་སྙམ་དུ་དངོས་པོ་མེད་པའི་ཆོས་རྣམས་ལ་ལས་སྣ་ཚོགས་སྣང་བ་ནི་ངོ་མཚར་ཏོ་སྙམ་དུ་སེམས་སོ། །​དེ་ལྟར་དེ་བློ་ཞིབ་མོ་དང་ལྡན་པས་སངས་རྒྱས་རྣམས་སམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པ་ཙམ་གྱིས་དོན་ཤེས་སོ། །​དེས་དོན་ཤེས་པས་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་སོ། །​དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་དེ་ཁོ་ན་མཐོང་ངོ་། །​དེ་ཁོ་ན་མཐོང་བས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ནས་ཐར་བར་བྱེད་དེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་འབྱུང་བ་ཚོལ་བ་ལ་མཁས་པ་ནས། དེ་ཁོ་ན་ལ་མཁས་པའི་བར་དུ་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བློ་ཞིབ་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རིགས་པའི་སྤོབས་པ་ཅན་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བདག་མེད་པར་འཇོག་གོ། །​ཆོས་ཐམས་ཅད་སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། བྱེད་པ་པོ་དང་ཚོར་བ་པོ་མེད་པ་དང་། ཤེས་པ་པོ་དང་མཐོང་བ་པོ་མེད་པ་དང་། གསོག་གསོབ་སྟེ་དབང་ཕྱུག་མེད་པ་དང་། སྟོང་པ་ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པ་དང་། རྐྱེན་ལས་བྱུང་བར་འཇོག་སྟེ། རིགས་ཀྱི་བུ་དེ་ལ་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་འདི་ནི་རིགས་པའོ། །​འདི་ནི་ཆོས་ཉིད་དང་འཐུན་པའོ། །​ཆོས་ཐམས་ཅད་སེམས་ཅན་མེད་པ་སྲོག་མེད་པ་ཞེས་བྱ་བ་འདི་ནི་རིགས་པའོ། །​འདི་ནི་ཆོས་ཉིད་དང་འཐུན་པའོ། །​དེ་བཞིན་དུ་ཆོས་ཐམས་ཅད་གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་མེད་པ་དང་། ཤེས་པ་པོ་དང་མཐོང་བ་པོ་མེད་པ་དང་། གསོག་གསོབ་སྟེ་དབང་ཕྱུག་མེད་པ་དང་། སྟོང་པ་ཡང་དག་པ་མ་ཡིན་པ་ལས་ཡོངས་སུ་བརྟགས་པ་དང་། རྐྱེན་ལས་བྱུང་བའོ་ཞེས་བྱ་བ་འདི་ནི་རིགས་པའོ། །​འདི་ནི་ཆོས་ཉིད་དང་འཐུན་པའོ། །​རིགས་ཀྱི་བུ་གང་ཆོས་ཉིད་དང་འཐུན་པ་དེ་ནི་རིགས་པའོ། །​གང་ཆོས་ཉིད་དང་མི་འགལ་བ་དེ་ནི་རིགས་པའོ། །​གང་ཆོས་ཉིད་ལས་མི་འཁྲུལ་བ་དེ་ནི་རིགས་པའོ། །​གང་ཆོས་ཉིད་ལ་འབབ་པ་དེ་ནི་རིགས་པའོ། །​གང་ཆོས་ཉིད་སྟོན་པ་དེ་ནི་རིགས་པའོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1126#UT22084-064-001-1126