Degé Kangyur volume 64, F.62.b

ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ། ཡང་དག་པར་ལྟ་བ་རྣམས་ཏེ། ཡང་དག་པར་ལྟ་བའི་ལས་དང་། ཆོས་ཡང་དག་པར་བླངས་པའི་ཕྱིར་དེའི་རྒྱུ་དེའི་རྐྱེན་དེའི་གཞིས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེའོ་སྙམ་ནས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ལ་ལྟ་སྟེ། སེམས་ཅན་གྱི་ཁམས་དེ་ཉིད་ཀྱི་དགེ་བ་དང་། མི་དགེ་བའི་ལས་རྣམས་ལ་རྣམ་པར་ལྟའོ། །​དེ་ཡང་འདི་སྙམ་དུ་སེམས་ཏེ། སྔོན་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་གང་འདི་ལྟར་བདག་ཉིད་རྣམ་པར་སངས་རྒྱས་ནས་གཞན་ཡང་རྣམ་པར་སངས་རྒྱས་པར་བྱའོ་ཞེས་དམ་བཅས་པའི་བདག་གི་སྨོན་ལམ་དེ་ཡོངས་སུ་རྫོགས་སོ། །​བདག་གི་བརྣག་པ་དེ་ཡོངས་སུ་རྫོགས་སོ་སྙམ་མོ་ཞེས་ཐོས་པ་འདི་ནི་ཡང་དག་པའོ། །​འདི་ནི་དེ་ཁོ་ནའོ། །​འདི་ནི་མི་སླུ་བའོ་སྙམ་སྟེ། གནས་འདི་ལ་ནེམ་ནུར་མེད། ཐེ་ཙོམ་མེད་དོ། །​གང་ལ་བྱང་ཆུབ་སེམས་དཔའ་དེ་རྣམ་པར་སངས་རྒྱས་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །​བདག་ཉིད་རྣམ་པར་སངས་རྒྱས་པས་ན་རྫོགས་པར་སངས་རྒྱས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་དང་། དེ་བཞིན་གཤེགས་པ་འབྱུང་བ་ལ་མངོན་པར་དད་དོ། །​ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་གཅིག་གི་ཚུལ་བསྟན་པ་ལ་མངོན་པར་དད་ཅེ་ན། དེ་འདི་ལྟར་སེམས་སོ། །​གང་འདི་ཐེག་པ་ནི་གཅིག་ཁོ་ན་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཐེག་པའོ་ཞེས་ཐོས་པ་འདི་ནི་ཡང་དག་པའོ། །​འདི་ནི་དེ་ཁོ་ནའོ། །​འདི་ནི་མི་སླུ་བའོ། །འདི་ནི་དེ་བཞིན་པའོ། །​མ་ནོར་པའོ། །​གཞན་མ་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། ཐེག་པ་གཞན་རྣམས་ཀྱང་འདི་ལས་བྱུང་ངོ་། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་འཛམ་བུའི་གླིང་ན་གང་གླིང་ཡོད་པ་རྣམས་མིང་གིས་ཐ་དད་པར་ཤེས་མོད་ཀྱི། འོན་ཀྱང་དེ་དག་ནི་འཛམ་བུའི་གླིང་དུ་འདུའོ། །​འཛམ་བུའི་གླིང་ལ་རྟེན་ཏོ། །​འཛམ་བུའི་གླིང་གི་གྲངས་སུ་འགྲོའོ། །​དེའི་ཕྱིར་ན་གླིང་གཅིག་ཁོ་ན་སྟེ། དེ་ནི་འཛམ་བུའི་གླིང་ངོ་། །​དེ་བཞིན་དུ་ཐེག་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐེག་པར་འདུའོ། །​དེ་བཞིན་གཤེགས་པའི་ཐེག་པ་ལ་གནས་སོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1121#UT22084-064-001-1121