Degé Kangyur volume 64, F.58.b

།རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་པད་མ་དང་འདྲ་བ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། མ་གོས་པ་རྣམས་ཡིན། སྡིག་པ་ཆུང་ངུ་དང་ཡང་ལྷན་ཅིག་མི་གནས་པ་རྣམས་ཡིན། ཚུལ་ཁྲིམས་ཀྱི་དྲི་ཞིམ་པ་རྣམས་ཡིན། གཙང་བ་རྣམས་ཡིན། བཞིན་འཛུམ་པ་རྣམས་ཡིན། མི་རྩུབ་པ་རྣམས་ཡིན། མཐོང་ན་བཀྲ་ཤིས་པ་རྣམས་ཡིན། བློ་རྣམ་པར་བྱེ་བ་རྣམས་ཡིན། བློ་ཡོངས་སུ་སྨིན་པ་རྣམས་ཡིན། ཤིན་ཏུ་ཡོངས་སུ་བཟུང་བ་རྣམས་ཡིན་ནོ། །​རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མ་གོས་པ་ཡིན་པ་ནས་ཇི་ལྟར་ན་ཤིན་ཏུ་ཡོངས་སུ་བཟུང་བའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པད་མ་ནི་ཆུའི་ནང་ནས་འབྱུང་ཡང་མི་ཆགས་པར་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཁོར་བའི་ཆུ་ལས་འབྱུང་ཡང་མི་ཆགས་པར་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་ཐབས་དང་། ཤེས་རབ་ཀྱི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི་འཁོར་བ་ན་སྤྱོད་ཀྱང་འཁོར་བའི་ཉེས་པ་དག་གིས་མི་གོས་ཏེ། དེའི་ཐབས་དེ་ནི་ཤེས་རབ་ཀྱིས་ཡང་དག་པར་ཟིན་པ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པད་མ་ལ་ནི་ཆུའི་ཐིགས་པ་ཆུང་ངུ་ཡང་མི་ཆགས་སོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྡིག་པ་ཆུང་ངུ་ཡང་མི་ཆགས་སོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་སའི་ཕྱོགས་གང་དུ་པད་མ་སྐྱེས་པར་གྱུར་པའི་སའི་ཕྱོགས་དེ་དྲིས་ཁྱབ་པར་འདུག་གོ། །​དེ་བཞིན་དུ་ཡུལ་དང་ཡུལ་གྱི་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེ་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲིས་ཁྱབ་པར་འདུག་གོ། །​རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་པད་མ་ནི་སའི་ཕྱོགས་གར་སྐྱེས་པའི་ས་ཕྱོགས་དེ་གཙང་ཞིང་བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་ཐམས་ཅད་ཀྱང་འདུ་བ་ཡིན་ནོ། །​དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གར་སྐྱེས་ཀྱང་རུང་འདི་ལྟ་སྟེ། ཚུལ་ཁྲིམས་དང་། གཙང་སྦྲ་ཀུན་སྤྱོད་པས་གཙང་བ་ཡིན་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་འདུ་བ་ཡིན།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1113#UT22084-064-001-1113