Degé Kangyur volume 63, F.175.a

དགེ་འདུན་ལ་སྐྱབས་སུ་སོང་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། སྟོང་དང་། བརྒྱ་སྟོང་གི་ཆ་དང་། གྲངས་དང་། རྒྱུ་དང་། བགྲང་བར་ཡང་ཉེ་བར་མི་འགྲོའོ། །​དེ་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །​ཀུན་ཏུ་རབ་ཏུ་ལྡེག་གོ། །​དེའི་ཚེ་དེར་གློག་གི་རྒྱུན་ཆེན་པོ་བྱུང་ངོ་། །​ལྷ་རྣམས་ཀྱིས་ཀྱང་རྔ་སྒྲ་བསྒྲགས་སོ། །​དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པས་བསྒྲུབ་པ་ཞེས་བྱ་བར་ཟུང་ཤིག །དེའི་དོན་ནི་དེ་ལྟར་བལྟ་བར་བྱ་སྟེ། དེ་དེ་བཞིན་དུ་ཟུང་ཤིག །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་གཞན་དག་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།༄༅། །​རྒྱ་གར་སྐད་དུ། ཨཱརྱ་བྷ་བ་སཾ་ཀྲཱནྟི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh225.html?part=UT22084-063-006-46#UT22084-063-006-46