Degé Kangyur volume 62, F.295.b

།འདི་ན་འདོད་ཆགས་མེད་ཅིང་ཞེ་སྡང་མེད། །​འདོད་ཆགས་གཟུང་དུ་མེད་ཅིང་ཞེ་སྡང་མེད། །​གཏི་མུག་འོད་གསལ་རྐྱེན་རྣམས་སྟོང་པ་སྟེ། །​སེམས་ཅན་དམིགས་སུ་མེད་ཅིང་སྲོག་ཀྱང་མེད། །​ཆོས་འདི་གསོག་སྟེ་ཞི་ལ་སྙིང་པོ་མེད། །​མིག་ཀྱང་མེད་དེ་རྣ་བ་མེད་པ་ཡིན། །​སྣ་ཡང་མི་སྣང་ལྕེ་ཡང་དེ་བཞིན་ཏེ། །​འདི་དག་བེམས་པོའི་ཆོས་ཅན་སྙིང་པོ་མེད། །​བྱིས་པའི་སྐྱེ་བོ་རྨོངས་བྱེད་མྱོས་པར་བྱེད། །​ནམ་མཁའ་ལ་ནི་ཇི་ལྟར་མཐའ་མེད་ཅིང་། །​ཟད་པར་མི་འགྱུར་སྐྱེ་བ་མེད་པ་བཞིན། །​ཆོས་རྣམས་འདི་དག་ཐམས་ཅད་དེ་བཞིན་ཏེ། །​ནམ་མཁའི་ཆུ་ལྟར་དག་ཅིང་རྣམ་པར་དག །​ཆོས་རྣམས་རྣམ་པ་སྣ་ཚོགས་བརྟགས་པ་སྟེ། །བརྟགས་ན་དེ་ཡང་ནམས་ཀྱང་ཡོད་མ་ཡིན། །​བྱིས་པ་ཕུང་པོ་འདི་དག་འདྲ་བར་འཛིན། །​དེ་ཡང་དེ་ལ་ནམས་ཀྱང་ཡོད་མ་ཡིན། །​ཤེས་ལྡན་དངོས་དང་དངོས་མིན་རྣམ་འཇིག་ཅིང་། །​ཆོས་ཉིད་འདི་དག་ཐམས་ཅད་ཞི་བར་མཐོང་། །​ཐམས་ཅད་མ་སྐྱེས་གཟུང་དུ་མེད་པར་མཐོང་། །​དེ་ཡི་ལུས་ནི་ནམས་ཀྱང་ཡོད་པ་མིན། །​ཆོས་རྣམས་འོད་གསལ་གྲོལ་ཞིང་རབ་ཏུ་གྲོལ། །​ཞི་ཞིང་མི་གནས་མྱ་ངན་འདས་གྱུར་ལ། །​དེ་ལ་ནམས་ཀྱང་གཟུང་དུ་མེད་པ་སྟེ། །​ཤེས་ལྡན་དེ་ལྟར་རྟོགས་ན་གྲོལ་བར་འགྱུར། །​དེ་ནས་ནགས་ཁྲོད་དེར་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་ལས་ཆོས་མཉན་པའི་ཕྱིར་ལྷའི་བུ་བཞི་ཁྲི་ཉིས་སྟོང་ལྷགས་པར་གྱུར་པ་དེ་དག་གིས་ཚིགས་སུ་བཅད་པ་བསྟན་པ་དེ་དག་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​དགེ་སློང་དཔས་བྱིན་དེ་ཡང་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་ཏེ། དེ་བཞིན་གཤེགས་པའི་སྤྲུལ་པ་བཀོད་པ་དེ་དག་མཐོང་ནས་བྱང་ཆུབ་ཀྱི་ཚུལ་དང་ལྡན་པའི་སེམས་ཀྱིས་ཆོས་ཀྱི་རང་བཞིན་རབ་ཏུ་རྣམ་པར་འབྱེད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​འཇམ་དཔལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་ན་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་པ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་ཞེས་བྱ་བར་གྱུར་ཏོ། །​འཇམ་དཔལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་དགེ་སློང་དཔས་བྱིན་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་ན་དེ་ལྟར་མི་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་དེ། དེའི་ཚེ་དེའི་དུས་ན་དགེ་སློང་དཔས་བྱིན་ཞེས་བྱ་བར་གྱུར་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh218.html?part=UT22084-062-018-225#UT22084-062-018-225