Degé Kangyur volume 62, F.294.b

བདག་གིས་འཁྲིག་པ་ཡང་བྱས་ལ། མི་ཡང་བསད་དོ། །​དེ་ནས་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་གྱིས་དགེ་སློང་དཔས་བྱིན་དེ་ལ་སྨྲས་པ། དགེ་སློང་མ་འཇིགས་ཤིག་དང་། ངས་ཁྱོད་འཇིགས་པ་མེད་པར་བྱའོ། །​དེ་ནས་དགེ་སློང་དཔས་བྱིན་དེས་འཇིགས་པ་མེད་པའི་སྒྲ་ཐོས་ནས། དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་འཇིགས་སྒྲོལ་གྱིས་དགེ་སློང་དཔས་བྱིན་དེ་ས་ལས་བསླངས་ནས་ལག་པ་གཡས་པ་ནས་བཟུང་ནས་ནགས་སྟུག་པོ་ཞིག་གི་ནང་དུ་སོང་ནས། དེ་ནགས་སྟུག་པོ་དེར་འདུག་གོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་སྒྲོལ་ཏ་ལའི་སྲིད་ཙམ་གྱི་ནམ་མཁའ་ལ་འདུག་ནས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །​དགེ་སློང་ཁྱོད་ང་ལ་ཡིད་ཆེས་སམ། དེ་ནས་དགེ་སློང་དེས་ཐལ་མོ་སྦྱར་ནས་ཚིག་ཏུ་སྨྲས་པ། བདག་ནི་བཅོམ་ལྡན་འདས་དང་མཇལ་ཏོ། །​བདག་ནི་བདེ་བར་གཤེགས་པ་དང་མཇལ་ཏོ། །​དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་སྒྲོལ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་སྒོ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །​དེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེའི་ལུས་ལས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ་དེ་དག་ཕྱུང་ངོ་། །​དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་ཀྱང་ནགས་སྟུགས་པོ་དེ་དག་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་བཞིན་གཤེགས་པའི་སྐུ་དེ་དག་གིས་གསུང་འཐུན་པར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །​ཆོས་རྣམས་འདི་དག་གཟུགས་བརྙན་འདྲ་བ་སྟེ། །​ཆུ་ནང་ཟླ་བ་སྣང་ལ་མེད་པ་བཞིན། །​བྱིས་པའི་སེམས་ནི་རྨོངས་ཤིང་སྐྲག་གྱུར་ནས། །​འདོད་ཆགས་དུག་དང་དེ་བཞིན་ཞེ་སྡང་རྟོག །​ཆོས་རྣམས་མཁའ་འདྲ་རྟག་ཏུ་དག་ཅིང་གསལ། །​མྱ་ངན་འདས་ཤིང་གནས་མེད་ཞི་བ་ཡིན། །​འདི་ན་ཚོར་བ་པོ་དང་བྱེད་པ་མེད། །ཆོས་རྣམས་འདི་དག་ཞི་གསོག་སྙིང་པོ་མེད། །​ནང་དུ་བཙལ་ཀྱང་འདོད་ཆགས་མ་རྙེད་དེ། །​ཞེ་སྡང་སུས་ཀྱང་རྙེད་པར་མ་གྱུར་ན། །​བྱིས་པའི་སྐྱེ་བོ་དག་ནི་ཆགས་སྙམ་སེམས། །​སུ་ཡང་འདི་ན་ཆགས་པར་གྱུར་པ་མེད། །​རྨི་ལམ་དུ་ནི་བདག་གི་གཟུགས་མཐོང་སྙམ། །​དེ་ལ་ཆགས་ཤིང་སྡང་ལ་རྨོངས་པར་གྱུར།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh218.html?part=UT22084-062-018-223#UT22084-062-018-223