Degé Kangyur volume 61, F.284.a

ཚུལ་ཁྲིམས་མ་ཞིག་པ་དང་། ཚུལ་ཁྲིམས་མ་རལ་བ་དང་། ཚུལ་ཁྲིམས་ནག་ནོག་ཅན་མ་ཡིན་པར་གཟུང་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡང་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའ་སྡིག་པའི་ལས་བྱས་པས་སྲིད་པར་འགྲོ་བ་སྐྱེད་དུ་ཟིན་ཀྱང་འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་ཇི་ཙམ་དུ་སྲིད་པར་འགྲོ་བ་སྐྱེད་པ་དེ་ཙམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་བསླབ་པ་ཇི་ལྟར་བཅས་པ་ལ་བསླབས་སུ་ཟིན་ཀྱང་དེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་སམ། དམིགས་པར་ལྟ་བ་དང་ལྷན་ཅིག་སྟེན་པར་བྱེད་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལས་ཉམས་པར་འགྱུར་རོ། །​རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་སེམས་མི་གཏོང་ལ། དམིགས་པར་ལྟ་བའི་སེམས་ཀྱང་མི་སྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡིན་ནོ། །​རིགས་ཀྱི་བུ་གཞན་ཡང་གནོད་སེམས་ཀྱི་ཐ་བའི་ཉེས་པའི་སེམས་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​སེམས་ཅན་རྣམས་ལ་མི་སྙོམས་པའི་ཡིད་ལ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​སེམས་ཅན་རྣམས་དང་ཆོས་རྣམས་ལ་ཐ་དད་པར་འདུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །སེམས་ཅན་རྣམས་ལ་དམིགས་པ་ལ་རྟེན་པའི་བྱམས་པ་ཕྱོགས་གཅིག་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​སྟོང་པ་ཉིད་ལ་མི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​འདི་ལ་ནི་སྦྱིན་ནོ། །​འདི་ལ་ནི་མི་སྦྱིན་ནོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​འདི་ལ་ནི་ཡོན་དབུལ་ལོ། །​འདི་ལ་ནི་མི་དབུལ་ལོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​འདི་ལ་ནི་ཆོས་བཤད་པར་བྱའོ། །​འདི་ལ་ནི་ཆོས་བཤད་པར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ། །​འདི་ལ་ནི་བསྙེན་བཀུར་བྱའོ། །​འདི་ལ་ནི་བསྙེན་བཀུར་མི་བྱའོ་སྙམ་པ་དེ་ནི་བྱང་ཆུབ་སེམས་དཔའི་ཉེས་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh198.html?part=UT22084-061-018-278#UT22084-061-018-278