Degé Kangyur volume 61, F.260.a

།སྟོང་གི་ཞིང་ཀུན་རབ་ཏུ་བཀང་བ་ཡི། །​དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །​རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །​ནོར་བུ་རིན་ཆེན་ཟླ་བའི་འོད་རྣམས་ཀྱིས། །​བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཞིང་བཀང་བ། །​དེ་འདྲའི་དཔལ་འདི་ཟད་པར་བྱ་ནུས་ཀྱི། །རྒྱལ་བའི་མཆོད་རྟེན་གོས་གཅིག་ཕུལ་བའི་མིན། །​འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ། །​བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །​དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར། །​བྱང་ཆུབ་མཆོག་སྤྱད་དམ་པ་ཞི་བ་སྤྱོད། །​བཅོམ་ལྡན་མཆོད་རྟེན་བ་དན་ཕུལ་བྱས་ན། །​དག་ཅིང་མཆོག་གི་ལུས་ནི་འཐོབ་འགྱུར་ཏེ། །​དཔེར་ན་གསེར་ལྟར་ཤིན་ཏུ་དགར་འགྱུར་ཞིང་། །​ལྷ་ཡིས་བསྔགས་ལ་མཆོད་ཅིང་བླ་མར་བྱེད། །​དེ་ཡི་ལུས་ནི་གསེར་གྱི་མདོག་འདྲར་འགྱུར། །​རས་ཀྱི་གོས་དང་ལ་བ་བཟང་རབ་དང་། །དུ་གུ་ལ་དང་ཀ་ཤི་ཀ་རྣམས་དང་། །​ཤིན་ཏུ་མཛེས་པའི་གོས་ཀྱང་རྙེད་པར་འགྱུར། །​འཛམ་བུའི་གླིང་ན་རིགས་མཆོག་དམ་པ་གང་། །​ཕྱུག་ཅིང་ཆེ་ཉིད་བདག་དབང་ནོར་མང་བ། །​དེ་དག་ཏུ་ནི་རྟག་ཏུ་དེ་སྐྱེ་སྟེ། །​དམན་ཞིང་མཆོག་ཏུ་དབུལ་བ་རྣམ་པར་སྤངས། །​དེ་ལ་སེམས་ཅན་སུ་ཡང་ཕྲག་དོག་མེད། །​སེམས་ཅན་གནོད་པར་སེམས་པ་གཞར་མི་འབྱུང་། །​གཞན་གྱི་སྡིག་པའི་ལས་ལ་དེ་སྨོད་དེ། །​རྟག་ཏུ་བག་ཡོད་ཚུལ་ཁྲིམས་རྣམ་དག་འགྱུར། །​འཛིན་པ་མེད་ཅིང་སེར་སྣ་མེད་པར་འོང་། །​གཏོང་བ་རབ་བཏང་མྱ་ངན་མེད་པ་འཐོབ། །​དེ་ནི་སྲོག་ཕྱིར་གཞན་ལ་སྦྱིན་མི་བྱེད། །​ཕོངས་པ་མེད་བྱེད་རྟག་ཏུ་བག་ཡོད་འགྱུར། །​སངས་རྒྱས་སྟོབས་བཅུ་དེད་དཔོན་མཐོང་ནས་ནི། །​དགའ་བའི་སེམས་ཀྱིས་གདུགས་དང་བ་དན་དང་། །​མར་མེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད། །​བྱང་ཆུབ་སྤྱོད་མཆོག་འདི་ནི་རྟག་པར་སྤྱོད། །​མི་ཡི་འཇིག་རྟེན་བླ་མར་བསྙེན་བཀུར་བྱེད། །​ལྷ་ནང་ལྷ་ཡི་དག་དང་མི་ཡི་གཙོ། །​ཡིད་འོང་སྤོས་མཛེས་བལྟ་ན་སྡུག་པ་དང་། །​ནོར་བུ་ཤེལ་འདྲ་སྣ་ཚོགས་ལྡན་པ་འཐོབ། །​རི་རབ་རྩེ་མོར་ལྷ་ནང་རབ་ཏུ་གསལ། །​ལྷ་ཀུན་སློབ་མར་གྱུར་ནས་མངོན་དུ་འདུད།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh195.html?part=UT22084-061-015-397#UT22084-061-015-397