ཐེ་ཙོམ་ཟ་ན་ཀུན་དགའ་བོ་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་སྤྲིན་ཅེས་བྱ་བ་དེར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་ཀུན་དགའ་བོ་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱཀྱའི་བུ་མོ་ས་འཚོ་མ་དེའི་ཚེ་དེའི་དུས་ན་བུ་མོ་བཟང་ལེན་ལྡན་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་བྲམ་ཟེ་དུམ་བུ་བྱིན་ཞེས་བྱ་བར་གྱུར་པ་གང་རྒན་གྲལ་དུ་འདུག་སྟེ་སྦྱིན་སྲེག་བྱེད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་ན་ཀུན་དགའ་བོ་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། མི་གཏི་མུག་ཅན་ལྷས་བྱིན་འདི་དེའི་ཚེ་དེའི་དུས་ན་བྲམ་ཟེ་དུམ་བུ་བྱིན་དུ་གྱུར་ཏོ། །ཀུན་དགའ་བོ་དེ་ལྟ་བས་ན་དེའི་ཕྱིར་དགེ་བའི་རྩ་བས་ཆོག་ཤེས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང་ཧ་དང་། ལོཙྪ་བ་བན་དེ་དགེ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཀླུའི་རྒྱལ་མཚན་གྱིས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། །།༄༅། །རྒྱ་གར་སྐད་དུ། ཨཱརྱ་བྲཧྨ་ཤྲཱི་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་སོ།