Degé Kangyur volume 61, F.151.a

།དམ་པའི་ཆོས་ནི་མཉན་པ་དང་། །​མཆོད་ཅིང་འཛིན་པའང་དེ་བཞིན་ཏེ། །​སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །​དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་འདི་ཡང་དག་པར་བསྟན་པ་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་བཞི་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​སྲོག་ཆགས་ཉི་ཁྲིས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །​ལྷའི་བུ་ལྔ་སྟོང་གིས་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །​ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །​དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་བདུན་བརྒྱས་ཏིང་ངེ་འཛིན་སྣ་ཚོགས་ཐོབ་པར་གྱུར་ཏོ། །​འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་སྨྲས་སོ། །​རྒྱལ་བའི་སྲས་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དྲིས་པའི་ལན་བཤད་པ་འདི་ནི་ཁྱོད་ཀྱིས་ལེགས་པར་བཤད་དེ་ལེགས་མོད་ཀྱི། ཁོ་བོ་ཐེ་ཙོམ་ཅུང་ཟད་ཅིག་སྐྱེས་ཀྱིས། གང་ཐོས་ནས་སེམས་ཅན་རྣམས་ཀྱིས་ཡིད་ལ་བྱས་ཏེ། དེ་དག་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་འགྱུར་བ་དང་། བདེ་འགྲོར་འགྲོ་བར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བར་ཁོ་བོས་དྲིས་པ་དེ་བསྟན་ཅིང་ལུང་སྟོན་ཅིག །​འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྔོན་དགེ་བའི་རྩ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྤོབས་པ་སྐྱེས་པ་ནི་ལེགས་སོ། །​ཁྱོད་གང་དང་གང་འདོད་པ་དྲིས་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །​སྨྲས་པ། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ཙམ་དང་། མཆོད་པ་དང་། བཀུར་སྟི་བྱས་པ་ཉིད་ཀྱིས་སྡིག་པ་བྱེད་པའི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་གྲོལ་བར་འགྱུར་ཞིང་བདེ་འགྲོར་འགྲོ་བར་འགྱུར་བ་དེ་དག་གང་ལགས། དེ་དག་འཇིག་རྟེན་གྱི་ཁམས་ནི་གང་ན་བཞུགས། དེ་དག་ལ་མཆོད་པ་ནི་ཇི་ལྟར་བགྱི། འཇམ་དཔལ་གྱིས་སྨྲས་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh186.html?part=UT22084-061-006-248#UT22084-061-006-248