Degé Kangyur volume 61, F.139.b

དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་མོས་པར་བྱེད་ན་འདི་ཉིད་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །​འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཡོངས་སུ་རྫོགས་པར་བྱེད་དོ། །​ས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་གནོན་ཏོ། །​བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཕྱིར་སྙིལ་བར་བྱེད་དོ། །​སངས་རྒྱས་ཀྱི་རྣམ་པར་རོལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་རབ་ཏུ་ཤེས་སོ། །​ང་རྒྱལ་གྱི་རི་དཔག་ཏུ་མེད་གྲངས་མེད་པ་དག་རྣམ་པར་འཇིག་པར་བྱེད་དོ། །​ཕྲག་དོག་དང་སེར་སྣའི་རྒྱལ་མཚན་དཔག་ཏུ་མེད་གྲངས་མེད་པ་དག་སྙོལ་བར་བྱེད་དོ། །​སྲིད་པའི་ཆུ་ཀླུང་དཔག་ཏུ་མེད་གྲངས་མེད་པ་དག་སྐེམས་པར་བྱེད་དོ། །​སྐྱེ་བའི་རྒྱ་མཚོ་དཔག་ཏུ་མེད་གྲངས་མེད་པ་དག་ལས་རྒལ་བར་བྱེད་དོ། །​བདུད་ཀྱི་ཞགས་པ་དཔག་ཏུ་མེད་གྲངས་མེད་པ་དག་གཅོད་དོ། །​ཉི་ཟླ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱི་གཟི་བརྗིད་ཟིལ་གྱིས་མནན་ཏེ་འདུག་གོ། །​སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །​སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐྱབས་སུ་འགྱུར་རོ། །​སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཡང་ཕྲད་པར་འགྱུར་རོ། །​རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​ཆོས་ཐམས་ཅད་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​པད་མ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །​ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh185.html?part=UT22084-061-005-782#UT22084-061-005-782