Degé Kangyur volume 61, F.128.b

མྱ་ངན་ལས་འདས་པའི་ལམ་གྱི་བྱ་བ་ཤེས་པ། གཟུངས་དང་། མདོ་སྡེའི་རྒྱལ་པོ་ཐོབ་པ་རྣམས་ལ་མི་འདུད་ཅིང་བརྗིད་བྱེད་པ་དང་། ཁེངས་པ་ཡིན། ཆོས་དང་། ཆོས་སྨྲ་བ་ལ་མི་གུས་སྐྱེད་པ་དང་། སྲི་ཞུ་དང་། རིམ་གྲོ་མི་བྱེད་པ་དང་། ཆོས་རྒྱ་མཚོ་ཆེན་པོ་བསྒྲགས་པ་བྱུང་ན་ལ་ལ་ཞིག་དད་པར་གྱུར་ན་མི་རུང་ངོ་སྙམ་ནས། ཆོས་སྨྲ་བའི་གང་ཟག་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མི་བྱེད་པ་དང་། བདག་ཤེས་པ་ལ་མི་འཇུག་པ་དང་། ཆོས་ལ་ངེས་པར་སེམས་པ་མི་སྐྱེད་པ་དང་། མངོན་པའི་ང་རྒྱལ་བསྐྱེད་དེ། བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་བསྔགས་པ་བཅབས་ཤིང་མི་སྙན་པར་བརྗོད་པ་དང་། ཕ་རོལ་གྱི་ཡོན་ཏན་དང་། བསྔགས་པ་ལ་མི་དགའ་བ་ཡིན། གང་ཟག་ལ་ཞེ་སྡང་བས་ཆོས་ལ་ཞེ་སྡང་བར་བྱེད་ཅིང་། ཆོས་སྤོང་བ་དང་། གཞན་དག་ཀྱང་རྩོད་དུ་འཇུག་པ་དང་། སྟན་མཐོན་པོ་འདོད་ཅིང་ཐབས་ཚོལ་བ་དང་། གཞན་ལས་རིམ་གྲོར་བྱ་བ་བདག་གིས་བྱེད་ཅིང་མངོན་པར་དགའ་བ་དང་། གནས་བརྟན་རྒན་ཞིང་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ལ་རིམ་གྲོ་མི་བྱེད་ཅིང་བསུ་བར་མི་བྱེད་ལ་བཞིན་ཁྲོ་གཉེར་ཅན་ཡིན། རྟག་ཏུ་སེམས་རྩུབ་ཅིང་ཀླན་ཀ་ཚོལ་བ་དང་། གླགས་ལྟ་བ་དང་། ང་རྒྱལ་བསྐྱེད་ནས་མཁས་པའི་གན་དུ་མི་འགྲོ་མི་སྟེན། བསྙེན་པར་མི་བྱེད། བཀུར་སྟི་མི་བྱེད་ཅིང་དགེ་བ་ནི་གང་། མི་དགེ་བ་ནི་གང་། བྱ་བ་ནི་གང་། བྱ་བ་མ་ཡིན་པ་ནི་གང་། ཅི་ཞིག་བྱས་ན་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་ཞེས་མི་འདྲི་བ་དང་། ངེས་པར་འབྱུང་བར་མི་ལྟ་ཞིང་རྩོད་པ་མང་བ་ཡིན་ཏེ། འཇམ་དཔལ་དེ་ལྟར་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་མི་མཉེས་པར་བྱེད་པ་ཡིན་ནོ། །​འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་དབང་བསྐུར་བར་འགྱུར་བའི་གཟུངས་ཐོབ་པར་འགྱུར། རྒྱ་མཚོ་དམ་པའི་སྙིང་པོ་དྲི་མ་མེད་པར་སྣང་བ་འོད་གསལ་བའི་གཟུངས་ཐོབ་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh185.html?part=UT22084-061-005-760#UT22084-061-005-760