Degé Kangyur volume 60, F.260.b

།དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་མཚམས་བཟངས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉོན་མོངས་པ་རྣམས་ལ་འཇིགས་པར་མི་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཀུན་རྫོབ་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉོན་མོངས་པ་རྣམས་ལ་འཇིགས་པར་བྱའོ། །​དེ་བས་ཀྱང་དེས་ཉན་ཐོས་དང་རང་སངས་རྒྱས་དམིགས་པ་ཅན་གྱི་སེམས་ལ་ཤིན་ཏུ་འཇིགས་པར་བྱ་སྟེ། ཉོན་མོངས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །​ལྷའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཁྱོད་ཉིད་ལ་དྲིས་ཁྱོད་ཀྱིས་ཅི་ནུས་པ་དེ་བཞིན་དུ་ལུང་སྟོན་ཅིག །​ལྷའི་བུ་འདི་ཡིད་ལ་ཇི་སྙམ། སྐྱེས་བུ་འཚོ་བར་འདོད་པར་གྱུར་པས་ཡན་ལག་གཅད་པ་ལ་འཇིགས་པར་བྱའམ། འོན་ཏེ་མགོ་གཅད་པ་ལ་རབ་ཏུ་འཇིགས་པར་བྱ། ལྷའི་བུས་གསོལ་པ། བཅོམ་ལྡན་འདས་ཡན་ལག་གཅད་པའི་སྐྱེས་བུ་ནི་འཚོ་སྟེ། བསོད་ནམས་འདོད་པ་བསོད་ནམས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་པ་དེ་ནི་མཐོ་རིས་སུ་སྐྱེ་བའི་རྒྱུར་འགྱུར་གྱི། བཅོམ་ལྡན་འདས་མགོ་བཅད་པ་ནི་འཚོ་བ་ལས་ཡོངས་སུ་ཉམས་ཏེ། བསོད་ནམས་འཚལ་བ་བསོད་ནམས་ཀྱི་ལམ་ཡང་དག་པར་ལེན་ཅིང་སྤྱོད་མི་ནུས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དེ་བཞིན་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པ་ནི་སྤྱོད་པ་ཉམས་ཀྱང་བླའི། ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་གྱི་ལྟ་བར་ལྟུང་བ་རྣམས་ཀྱིས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་དེ་ལྟ་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་སྣ་ཅན་ནི་བླའི། སེམས་ཅན་ཐམས་ཅད་ཡོངས་སུ་བཏང་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདོར་བ་ནི་དེ་ལྟ་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་པའི་ངང་ཚུལ་ཅན་དུ་གྱུར་པ་ནི་བླའི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་མི་བྱེད་པར་གྱུར་པ་ནི་དེ་ལྟ་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་སྤྱོད་པའི་ས་ལ་སྤྱོད་པ། མི་དམིགས་པ་ལ་མོས་ཤིང་། ཉོན་མོངས་པ་དང་བཅས་པ་བླའི། ཉན་ཐོས་དང་། རང་སངས་རྒྱས་དམིགས་པ་ཅན་ངེས་པར་གྱུར་པ་ཐོབ་པ། ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-275#UT22084-060-008-275