Degé Kangyur volume 60, F.255.a

།ལྷའི་བུ་འདི་ལྟར་བདག་དོན་དམ་པར་ན་བདག་མ་ཡིན་ཏེ། ལྷའི་བུ་དེ་བས་ན་ཉོན་མོངས་པ་རྣམས་ཀྱང་དོན་དམ་པར་ན་ཉོན་མོངས་པ་མ་ཡིན་ནོ། །​ལྷའི་བུ་དེ་ལ་གང་གི་དོན་དམ་པར་ཉོན་མོངས་པ་འདུལ་བར་དམིགས་པར་འགྱུར་བ་ནི་དོན་དམ་པར་ན་གང་ཡང་མི་དམིགས་སོ། །​དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དོན་དམ་པར་ན་ཤིན་ཏུ་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་ནི་ཞི་བའོ། །​ལྷའི་བུ་དོན་དམ་པར་ན་འཛིན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཉེ་བར་ཞི་བའོ། །​ལྷའི་བུ་དོན་དམ་པར་ན་ཆོས་ཐམས་ཅད་སྒྲོ་བཏགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་རབ་ཏུ་ཞི་བའོ། །​ལྷའི་བུ་དོན་དམ་པར་ན་ཤིན་ཏུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ནི་མི་ཟད་པའོ། །​ལྷའི་བུ་དོན་དམ་པར་ན་ཤིན་ཏུ་དངོས་པོ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཤིན་ཏུ་མ་སྐྱེས་པའོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ཀྱི་སྒོ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྨྲ་བར་བྱ་བ་དང་། སྨྲ་བ་དང་ཤེས་པ་དང་། ཤེས་པར་བྱ་བ་དང་བྱ་བ་དང་ཐ་སྙད་དང་། བྱེད་པ་ཐམས་ཅད་འཇུག་པའི་ཀུན་རྫོབ་ཀྱི་བདེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །​སྨྲ་བ་དང་། སྨྲ་བར་བྱ་བ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་། བྱ་བ་དང་། ཐ་སྙད་དང་། བྱེད་པ་ཐམས་ཅད་ལས་རྣམ་པར་ལོག་པའི་ཕྱིར་དོན་དམ་པའི་བདེན་པ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །​ཡང་ལྷའི་བུ་ཀུན་རྫོབ་ཏུ་ན་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་འཁོར་བའི་སྒོའོ། །​ཀུན་རྫོབ་ཏུ་ན་ཚུལ་བཞིན་ཡིད་ལ་བྱེད་པ་ནི་མྱ་ངན་ལས་འདས་པའི་སྒོའོ། །​ཀུན་རྫོབ་ཏུ་ན་ཐེ་ཙོམ་ནི་སྒྲིབ་པའི་སྒོའོ། །​ཀུན་རྫོབ་ཏུ་ན་རྣམ་པར་གྲོལ་བ་ནི་སྒྲིབ་པ་མེད་པའི་སྒོའོ། །​ཀུན་རྫོབ་ཏུ་ན་ཀུན་ཏུ་རྟོག་པ་ནི་ཉོན་མོངས་པ་རྣམས་ཀྱི་སྒོའོ། །​ཀུན་རྫོབ་ཏུ་ན་ཀུན་ཏུ་མི་རྟོག་པ་ནི་ཉོན་མོངས་པ་མེད་པའི་སྒོའོ། །​ཀུན་རྫོབ་ཏུ་ན་རྣམ་པར་གཡེང་བ་ནི་རྣམ་པར་རྟོག་པ་རྣམས་ཀྱི་སྒོའོ། །​ཀུན་རྫོབ་ཏུ་ན་ཞི་གནས་ནི་ཉེ་བར་ཞི་བའི་སྒོའོ། །​ཀུན་རྫོབ་ཏུ་ན་ལྟ་བར་གྱུར་པ་རྣམས་ནི་ང་རྒྱལ་གྱི་སྒོའོ། །​ཀུན་རྫོབ་ཏུ་ན་སྟོང་པ་ཉིད་ནི་ང་རྒྱལ་མེད་པའི་སྒོའོ། །​ཀུན་རྫོབ་ཏུ་ན་སྡིག་པའི་གྲོགས་པོ་དང་སྟེན་པ་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྒོའོ། །​ཀུན་རྫོབ་ཏུ་ན་དགེ་བའི་བཤེས་གཉེན་དང་སྟེན་པ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་སྒོའོ། །​ཀུན་རྫོབ་ཏུ་ན་ལོག་པར་ལྟ་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་སྒོའོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-264#UT22084-060-008-264