Degé Kangyur volume 60, F.256.a

།ཀུན་རྫོབ་ཏུ་ན་ཐབས་ནི་གནས་དང་གནས་མ་ཡིན་པ་ལ་མཁས་པའི་སྒོའོ། །​ཀུན་རྫོབ་ཏུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱ་ངན་ལས་འདས་པའི་སྒོའོ། །​དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ།​། །​།བམ་པོ་གཉིས་པ་སྟེ་ཐ་མ། ལྷའི་བུས་སྨྲས་པ། འཇམ་དཔལ་ཤིན་ཏུ་མི་སྐྱེ་བའི་སྒོ་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ནི་ཀུན་ནས་སྒོའོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་ཤིན་ཏུ་མི་འབྱུང་བའི་རང་བཞིན་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་ཤིན་ཏུ་དངོས་པོ་མེད་པ་ནི་ཤིན་ཏུ་མི་འབྱུང་བའི་རང་བཞིན་ནོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་ཤིན་ཏུ་མི་འབྱུང་བ་ལ་ཆ་ཤས་དབྱེ་བ་གང་ཡང་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ཇི་སྙམ་དུ་སེམས། ནམ་མཁའ་ལ་ཆ་ཤས་དབྱེ་བ་གང་ཡང་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་མེད་དོ། །​འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་ཇི་ལྟར་ན་ནམ་མཁའ་ལ་ཆ་ཤས་དབྱེ་བ་མེད་པ་དེ་བཞིན་དུ་ལྷའི་བུ་ཤིན་ཏུ་མ་སྐྱེས་པ་ལ་ཡང་ཆ་ཤས་དབྱེ་བ་མེད་དོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་དོན་དམ་པར་ན་ཤིན་ཏུ་མི་འབྱུང་བ་ཡོངས་སུ་ཤེས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཤིན་ཏུ་མི་འབྱུང་བས་ཤིན་ཏུ་མི་འབྱུང་བ་ཡོངས་སུ་མི་ཤེས་སོ། །​དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཤིན་ཏུ་མ་སྐྱེས་ཤིང་མ་བྱུང་ལ། དངོས་པོ་མེད་པའི་ཕྱིར་རོ། །​ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཆོས་གང་ཡང་ཡོངས་སུ་ཤེས་ཤིང་གང་ཁོང་དུ་ཆུད་པས་འདི་ལྟ་བུའི་སྤོབས་པར་གྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ཇི་སྙམ་དུ་སེམས། བྲག་ཅས་ཆོས་གང་ཡོངས་སུ་ཤེས་ན། གང་དེ་ལས་སྒྲ་འབྱུང་། ལྷའི་བུས་སྨྲས་པ། འཇམ་དཔལ་བྲག་ཅས་ཆོས་གང་ཡང་ཡོངས་སུ་ཤེས་པ་མེད་མོད་ཀྱི་ཀུན་རྫོབ་ཏུ་ན་རྐྱེན་ལས་སྒྲ་འབྱུང་ངོ་། །​འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་དམིགས་པའི་རྐྱེན་གྱིས་ཀུན་རྫོབ་ཏུ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྨྲ་བའི་ཚུལ་གྱིས་སྨྲའོ།The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-266#UT22084-060-008-266