Degé Kangyur volume 60, F.113.b

།རྣམ་པར་དག་པ་གང་དང་མཉམ་པ་སེམས་ཅན་ཐམས་ཅད་ཀྱང་དེ་དང་མཉམ་མོ། །​སེམས་ཅན་ཐམས་ཅད་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་སྟེ། མཉམ་པ་ཉིད་དེ་ལ་སྙོམས་པར་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །​རང་གི་སེམས་མཉམ་པ་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དེ་ལ་ཞུགས་པས་ན། དེའི་ཕྱིར་སྙོམས་པར་ཞུགས་པ་ཞེས་བྱའོ། །​ཕན་པར་བྱེད་པ་དང་། ཕན་པར་མི་བྱེད་པ་ཐམས་ཅད་ལ་སྙོམས་ཤིང་། ས་དང་མཉམ་པའི་སེམས། ཆུ་དང་མཉམ་པའི་སེམས། མེ་དང་མཉམ་པའི་སེམས། རླུང་དང་མཉམ་པའི་སེམས། ནམ་མཁའ་དང་མཉམ་པའི་སེམས་ཏེ། མི་མཐོ་མི་དམའ་བར་གནས་ཤིང་མི་གཡོ་བར་གྱུར་པ། སྤྱོད་ལམ་ཐམས་ཅད་དུ་མཉམ་པར་གཞག་པ། སྤྱོད་ལམ་མ་བཅོས་པ། རང་བཞིན་གྱིས་སྙོམས་པར་ཞུགས་པ། མི་རྒོད་པ་དང་། མི་གཡེང་བ། མུ་ཅོར་མི་སྨྲ་བ། ཚིག་མ་འཆལ་པ། དོན་ཤེས་པ། ཆོས་ཤེས་པ། དུས་ཤེས་པ། ཚོད་ཤེས་པ། དུས་མིན་ཤེས་པ། འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སྙེགས་ཤིང་། འཇིག་རྟེན་དང་མ་འདྲེས་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ། འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབེན་པ་སྟེ། དེ་ལྟ་བུའི་ཆོས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཉམ་པར་བཞག་པའི་གནས་ཀྱང་མི་འདོར་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་སྣང་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་དང་། ཤེས་རབ་ཀྱིས་མངོན་པར་བསྒྲུབས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །​དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་ནི་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་མཉམ་པར་མ་བཞག་པ་ན། སེམས་ཅན་ལ་ལྟ་བའི་ཕྱིར། སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འདོགས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཐབས་ཞེས་བྱའོ། །​གང་ཞི་བ་དང་རབ་ཏུ་ཞི་བས་བསམ་གཏན་དུ་བྱེད་པ་འདི་ནི་དེའི་ཤེས་རབ་བོ། །​གང་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་རྟོན་པ་འདི་ནི་དེའི་ཐབས་སོ། །​གང་ཆོས་གང་ལ་ཡང་མི་གནས་པར་བསམ་གཏན་བྱེད་པ་འདི་ནི་དེའི་ཤེས་རབ་བོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-628#UT22084-060-004-628