Degé Kangyur volume 60, F.101.a

འཛིན་པ་མེད་པ་དང་། འཇིག་ཚོགས་ལ་ལྟ་བ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །​གང་མིང་དང་བརྡ་ལ་མངོན་པར་མ་ཞེན་པ་དང་། གཟུགས་ཀྱི་མཚན་ཉིད་ལ་མི་གནས་པ་དང་། མིང་དང་གཟུགས་དང་མ་འདྲེས་པ་དེ་ནི་ཚུལ་ཁྲིམས་སོ། །​གང་རྒྱུའི་བག་ལ་ཉལ་བ་མེད་པ་དང་། ལྟ་བའི་ཀུན་ནས་ལྡང་བ་དང་། ཀུན་ནས་མ་ལངས་པ་དང་། སྒྲིབ་པ་དང་། འགྱོད་པ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །​གང་ལ་ཆགས་པ་མི་དགེ་བའི་རྩ་བའི་གནས་མེད་པ་དང་། ཞེ་སྡང་མི་དགེ་བའི་རྩ་བའི་གནས་མེད་པ་དང་། གཏི་མུག་མི་དགེ་བའི་རྩ་བའི་གནས་མེད་པ་དེ་ནི་ཚུལ་ཁྲིམས་སོ། །​གང་མི་དགའ་བ་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཤིན་ཏུ་སྦྱངས་པའི་མཚན་ཉིད་དེ་ནི་ཚུལ་ཁྲིམས་སོ། །​གང་ཆོས་ཀྱི་སྐུས་སངས་རྒྱས་ཀྱི་རིགས་མི་གཅོད་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར། ཆོས་ཀྱི་རིགས་མི་གཅོད་པ་དང་། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར། དགེ་འདུན་གྱི་རིགས་མི་གཅོད་པ་དེ་ནི་ཚུལ་ཁྲིམས་སོ། །​བཙུན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟའོ། །​དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱིས་ཟད་པར་འགྱུར་རོ། །​ཕྱི་རོལ་གྱི་ལྔ་མངོན་པར་ཤེས་པ་རྣམས་ཀྱི་ཚུལ་ཁྲིམས་ནི། མངོན་པར་ཤེས་པ་ཉམས་པས་ཟད་པར་འགྱུར་རོ། །​མི་རྣམས་ཀྱི་ཚུལ་ཁྲིམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་ཟད་པར་འགྱུར་རོ། །​འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་བསོད་ནམས་ཟད་པས་ཟད་པར་འགྱུར་རོ། །​གཟུགས་ཀྱི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི་ཚད་མེད་པ་དང་། བསམ་གཏན་ཟད་པས་ཟད་པར་འགྱུར་རོ། །​གཟུགས་མེད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ཚུལ་ཁྲིམས་ནི། ཇི་ལྟ་བུར་སྙོམས་པར་ཞུགས་པས་སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ། །​སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་རོ། །​རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་ནི། སྙིང་རྗེ་ཆེན་པོ་དང་བྲལ་བས་ཟད་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-603#UT22084-060-004-603