Degé Kangyur volume 60, F.168.a

དྲན་པས་ཡང་དག་པར་འཛིན་པ་སྟེ། འདི་ནི་གཟུངས་ཞེས་བྱའོ། །​ཡང་གཟུངས་ཞེས་བྱ་བ་ནི་གང་གིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་ཀུན་ཏུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་སྨྲས་པ་ཀུན་ཏུ་འཛིན་པ་དང་། ལེགས་པར་སྨྲས་པ་ཐམས་ཅད་མ་ལུས་པར་ཀུན་ཏུ་འཛིན་པ་སྟེ། འདི་ནི་གཟུངས་ཞེས་བྱའོ། །​གང་གི་ཚེ་བསྐལ་པ་གཞན་དུ་བརྗེས་པར་གྱུར་ཏམ། ཚེ་གཞན་དུ་བརྗེས་པར་གྱུར་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེའི་གཟུངས་ཀྱི་དྲན་པའི་ཤེས་པ་དེ་ཆུད་ཟ་བར་མི་འགྱུར། བརྗེད་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་འཕགས་པའི་ཤེས་རབ་ཀྱི་མིག་གིས་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་འདུག་པ་བཞིན་དུ་མཐོང་བ་འདི་ནི་གཟུངས་མི་ཟད་པ་ཞེས་བྱའོ། །​དེ་ལ་སྤོབས་པ་མི་ཟད་པ་གང་ཞེ་ན། སྤོབས་པ་ཞེས་བྱ་བ་ནི་གང་འདི་ཐོགས་པ་མེད་པའི་སྤོབས་པ་དང་། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་། མི་འཕྲོགས་པའི་སྤོབས་པ་དང་། མ་རྨོངས་པའི་སྤོབས་པ་དང་། མྱུར་བའི་སྤོབས་པ་དང་། དགའ་བའི་སྤོབས་པ་དང་། ལ་གོར་དུ་སྤོབས་པ་དང་། མི་འགྱུར་བའི་སྤོབས་པ་དང་། རྣོ་བའི་སྤོབས་པ་དང་། མགྱོགས་པའི་སྤོབས་པ་དང་། དེའི་སྤོབས་པ་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་སྦྱངས་པ། སངས་རྒྱས་ཀྱིས་བསླབས་པ། ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བ། ཕྱད་པར་ལུང་སྟོན་པ། འབྲས་བུ་ཡོད་པར་ཆོས་སྟོན་པ། མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་སྟེ། དེ་དེ་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །གཟུགས་སུ་སྣང་བ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བསྟན་པ་ལ་སྤོབས་པར་སྣང་བ་ཡང་དེ་སྙེད་དུ། སྒྲར་གྲག་པ་ཇི་སྙེད་པར་བྱང་ཆུབ་སེམས་དཔའ་དེའི་མདོ་དང་ཚིགས་སུ་བཅད་པ་བཤད་པ་ལ་སྤོབས་པར་སྣང་བ་ཡང་དེ་སྙེད་དེ་འདི་བསྟན་ཏོ། །​འདི་བཤད་དོ་ཞེས་དེ་མི་རྟོག་ཅིང་མངོན་པར་འདུ་བྱེད་པ་མེད་མོད་ཀྱི། འཁོར་གང་དང་གང་དུ་འགྲོ་ཡང་རུང་སྟེ། གལ་ཏེ་རྒྱལ་རིགས་ཀྱི་འཁོར་དུའམ། གལ་ཏེ་བྲམ་ཟེའི་འཁོར་དུའམ། གལ་ཏེ་རྗེའུ་རིགས་ཀྱི་འཁོར་དུའམ། གལ་ཏེ་ཁྱིམ་བདག་གི་འཁོར་དུའམ། གལ་ཏེ་དགེ་སྦྱོང་གི་འཁོར་དུའམ། གལ་ཏེ་རྒྱལ་ཆེན་བཞིའི་འཁོར་དུའམ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-737#UT22084-060-004-737