Degé Kangyur volume 60, F.86.a

དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་དེ་དག་གི་བསྔགས་པ་དང་། ཡོན་ཏན་དང་། ཕན་ཡོན་བསྟན་པ་འདི་ལྟ་བུ་འདི་དག་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ནས། སྐྱེས་བུ་དམ་པ་འདི་འདྲ་བ་དག་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་རྙེད་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །​གང་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་། ཕན་ཡོན་བསྟན་པ་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས་ཀྱང་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་དོ། །​དེ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཡང་འཇིག་རྟེན་གྱི་ཁམས་མི་འཛུམས་པ་དེ་ན་ངན་སོང་དང་། མི་ཁོམ་པ་དང་། སྡུག་བསྔལ་གྱི་སྒྲ་ཡང་མེད་དེ་ལྟུང་བའི་འཁྲུལ་པ་དང་། ཉོན་མོངས་པའི་སྒྲ་ཡང་མེད། ལོག་པའི་སྒྲུབ་པ་དང་། བསླབ་པ་ལས་འདས་པའི་སྒྲ་ཡང་མེད། བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་ཡང་མེད། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། གཡེང་བ་དང་། འཆལ་པའི་ཤེས་རབ་ཀྱི་སྒྲ་ཡང་མེད། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི་སྒྲ་ཡང་མེད། རབ་འབྲིང་ཐ་མའི་སྒྲ་ཡང་མེད། སེམས་ཅན་དང་། ཐེག་པ་དང་། ཞིང་ཐ་དད་པའི་སྒྲ་ཡང་མེད། སངས་རྒྱས་ཐ་དད་པའི་སྒྲ་ཡང་མེད། ཆོས་ཐ་དད་པའི་སྒྲ་ཡང་མེད། དགེ་འདུན་ཐ་དད་པའི་སྒྲ་ཡང་མེད། བཟའ་བ་དང་། བཏུང་བ་དང་། བཀྲེས་པ་དང་། སྐོམ་པའི་སྒྲ་ཡང་མེད། ངར་འཛིན་པ་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-573#UT22084-060-004-573