Degé Kangyur volume 60, F.143.b

བཙུན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་འཐུན་པའོ། །​དེ་ལ་སྦྱིན་པ་ནི་གང་ཟང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ། །​སྙན་པར་སྨྲ་བ་ནི་གང་སློང་བ་དང་ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་སྙན་པར་སྨྲ་བའོ། །​དེ་ལ་དོན་སྤྱོད་པ་ནི་གང་བདག་དང་གཞན་དག་གི་དོན་བསམ་པ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །​དེ་ལ་དོན་འཐུན་པ་ནི་གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ། །​གཞན་ཡང་སྦྱིན་པ་ནི་གང་སློང་བ་རྣམས་ལ་ཡིད་མགུ་བར་སྦྱིན་པའོ། །​དེ་ལ་སྙན་པར་སྨྲ་བ་ནི་གང་སློང་བ་རྣམས་ལ་མི་སྨོད་པའོ། །​དེ་ལ་དོན་སྤྱོད་པ་ནི་གང་སློང་བ་རྣམས་ཀྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། །​དེ་ལ་དོན་འཐུན་པ་ནི་གང་ཐེག་པ་དེ་ཉིད་ལ་ཡང་དག་པར་འཛུད་པའོ། །​གཞན་ཡང་སྦྱིན་པ་ནི་གང་བསམ་པ་ཐག་པ་ནས་གཏོང་བའོ། །​སྙན་པར་སྨྲ་བ་ནི་གང་སྦྱོར་བ་ཡོངས་སུ་ཆད་པ་མེད་པའོ། །​དོན་སྤྱོད་པ་ནི་གང་ལྷག་པའི་བསམ་པས་བྱིན་ཏེ་འགྱོད་པ་མེད་པའོ། །​དོན་འཐུན་པ་ནི་གང་ཐེག་པ་ཆེན་པོ་ལ་ཡོངས་སུ་སྔོ་བའོ། །​གཞན་ཡང་སྦྱིན་པ་ནི་གང་བྱམས་པའི་རྗེས་སུ་འགྲོ་བའི་སེམས་ཀྱིས་ཡོངས་སུ་གཏོང་བའོ། །​སྙན་པར་སྨྲ་བ་ནི་གང་དགའ་བ་དང་། མཆོག་ཏུ་དགའ་བར་གྱུར་པའི་སེམས་མི་གཏོང་བའོ། །​དོན་སྤྱོད་པ་ནི་གང་སྙིང་རྗེ་ཆེན་པོ་ཡོངས་སུ་དག་པའི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་དག་ལ་བརྩོན་པའོ། །​དོན་འཐུན་པ་ནི་གང་བཏང་སྙོམས་དང་ལྡན་པའི་སེམས་མཐོན་དམན་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡོངས་སུ་སྔོ་བའི་སེམས་སོ། །​གཞན་ཡང་སྦྱིན་པ་ནི་གང་ཆོས་བཞིན་བཙལ་བའི་ལོངས་སྤྱོད་རྣམས་ཡོངས་སུ་གཏོང་བའོ། །​སྙན་པར་སྨྲ་བ་ནི་གང་དག་ལ་སྦྱིན་པ་བྱིན་པ་དེ་དག་ཆོས་ལ་རབ་ཏུ་འཛུད་པའོ། །​དོན་སྤྱོད་པ་ནི་གང་བདག་གི་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའོ། །​དོན་འཐུན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-688#UT22084-060-004-688