Degé Kangyur volume 60, F.130.a

ཆོས་ཀྱི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་གནས་མེད་པའོ། །​ཤེས་རབ་ནི་བདེན་པ་ལས་ངེས་པར་འབྱུང་བས་དོན་དམ་པའོ། །​ཤེས་རབ་ནི་ཤིན་ཏུ་དུལ་བ་རྣམས་ཀྱི་མི་འཁྲུགས་པའོ། །​ཤེས་རབ་ནི་ཡེ་ཤེས་ཀྱི་སྒོ་རྣམས་ཀྱི་སྣང་བའོ། །​ཤེས་རབ་ནི་ཐམས་ཅད་དུ་རྒྱུ་བ་སྟེ་མི་ཟད་པའོ། །​ཤེས་རབ་ནི་བརྟེན་པ་ལས་འཇུག་པ་མཐོང་བ་སྟེ་མི་འགལ་བའོ། །​ཤེས་རབ་ནི་འཛིན་པ་དང་། ཉོན་མོངས་པའི་བཅིངས་པ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པར་ཐར་པའི་ལམ་མོ། །​ཤེས་རབ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པའོ། །​ཤེས་རབ་ནི་འགྲོགས་པ་དང་། སྒྲིབ་པ་དང་། སྒྲིབ་པར་འགྱུར་བའི་ཆོས་ཐམས་ཅད་དང་ལྷན་ཅིག་མི་གནས་པའོ། །​སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཇི་སྙེད་པར་ཤེས་རབ་དང་ཡེ་ཤེས་ཀྱི་ལས་ཀྱང་དེ་སྙེད་དོ། །​སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། བག་ལ་ཉལ་ཇི་སྙེད་པར་ཤེས་རབ་ཀྱི་དཔྱོད་པའི་ཡེ་ཤེས་ཀྱང་དེ་སྙེད་དོ། །​སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒོ་ཇི་སྙེད་པར་ཤེས་རབ་ལ་འཇུག་པའི་སྒོའང་དེ་སྙེད་དོ། །​ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་ཇི་སྙེད་པ་དང་། ཤེས་རབ་ཀྱི་གནས་དང་རྟེན་ཀྱང་དེ་སྙེད་དོ། །​དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །​བཙུན་པ་ཤ་ར་དྭ་ཏིའི་བུ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་མི་ཟད་པ་སྟེ། ཤེས་རབ་མི་ཟད་པ་འདིས་བྱང་ཆུབ་སེམས་དཔའ་རྣམས་ཡེ་ཤེས་མི་ཟད་པ་ཐོབ་པར་འགྱུར་རོ། །​ཤེས་རབ་མི་ཟད་པ་བསྟན་པའི་ཆོས་ཀྱི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སྔོན་ཡོངས་སུ་སྦྱང་བ་བྱས་པ་སུམ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །​དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པའི་ཕྱིར་རོ། །​བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་ཐུག་པ་མེད་པར་ཤེས་པར་བྱ་སྟེ། དེ་དག་གི་བྱམས་པ་ཉེ་བར་སྒྲུབ་པ་ཡོངས་སུ་ཆད་པ་མེད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh175.html?part=UT22084-060-004-661#UT22084-060-004-661