དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་དེ་མི་ཟད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་ཟད་པ་སྟེ། བྱང་ཆུབ་ཀྱི་སེམས་དེ་ནི་དེ་དག་གི་རྩ་བར་སྐྱེས་པས་ན། དེའི་ཕྱིར་མི་ཟད་པའོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་ན་མི་ཟད་པའོ། །སེམས་ཅན་གྱི་ཁམས་མི་ཟད་པས་ན་མི་ཟད་པའོ། །དེའི་ཡེ་ཤེས་བཏང་བས་ན་མི་ཟད་པའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པས་ན་མི་ཟད་པའོ། །སྔོན་གྱི་སྨོན་ལམ་གྱི་རྒྱུན་མི་གཅོད་པས་ན་མི་ཟད་པའོ། །འདུས་མ་བྱས་སུ་བསྔོས་པས་ན་མི་ཟད་པའོ། །འདུས་མ་བྱས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན་མི་ཟད་པའོ། །ཟད་པ་ཤེས་པ་དང་། མི་ཟད་པ་ཤེས་པ་མི་ཟད་པས་ན་མི་ཟད་པའོ། །འབྱུང་བ་མེད་ཅིང་འཇིག་པ་མེད་པས་ན་མི་ཟད་པའོ། །ཆོས་ཐམས་ཅད་གཟོད་མ་ནས་ཟད་པ་སྟེ། ཡེ་ཤེས་དེ་མངོན་པར་རྟོགས་པས་ན་མི་ཟད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་མི་ཟད་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བསམ་པ་དེ་ཡང་མ་བྱས་པས་ན། བཅོས་མ་མ་ཡིན་ནོ། །གཡོ་མེད་པས་ན་བྱས་པ་མ་ཡིན་ནོ། །རབ་ཏུ་རྟོགས་པས་ན་གཡོ་མེད་པའོ། །སྒྱུ་མེད་པས་ན་རབ་ཏུ་རྟོགས་པའོ། །དག་པས་ན་སྒྱུ་མེད་པའོ། །དྲང་བས་ན་དག་པའོ། །གྱ་གྱུ་མེད་པས་ན་དྲང་བའོ། །གསལ་བས་ན་གྱ་གྱུ་མེད་པའོ། །མི་མཉམ་པ་མེད་པས་ན་གསལ་བའོ། །སྲ་བས་ན་མི་མཉམ་པ་མེད་པའོ། །མི་ཕྱེད་པས་ན་སྲ་བའོ། །མཁྲང་བས་ན་མི་ཕྱེད་པའོ། །མི་གཡོ་བས་ན་མཁྲང་བའོ། །མི་གནས་པས་ན་མི་གཡོ་བའོ། །དེ་ལ་མ་ཆགས་པས་ན་མི་གནས་པའོ། །བྱེ་བྲག་ཏུ་འཕགས་པས་ན་དེ་ལ་མ་ཆགས་པའོ། །མ་སྨད་པས་ན་བྱེ་བྲག་ཏུ་འཕགས་པའོ། །ལེགས་པར་བྱས་པའི་ལས་ཀྱི་ཕྱིར་མ་སྨད་པའོ།