Degé Kangyur volume 59, F.139.b

སྟེང་གི་བར་སྣང་ལས་མེ་ཏོག་གི་ཆར་དག་ཀྱང་རབ་ཏུ་ཕབ། ལྷའི་སིལ་སྙན་དང་། གླུ་དབྱངས་དག་ཀྱང་རབ་ཏུ་གསིལ་ཅིང་བླངས་སོ། །​དེ་ནས་དེ་བཞིན་གཤེགས་པས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་ང་དང་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་གོ་བར་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། །​།༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་བ་སུ་པ་རི་པྲྀཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ། བཱ་རཱ་ཎ་སཱིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །​ཕྱོགས་གཅིག་ཏུ་འདུག་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh162.html?part=UT22084-059-005-9#UT22084-059-005-9